ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁྲའོ་ཞན་ལ་འཚམས་འདྲི་བྱས།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་གདན་དྲངས་པ་ལྟརན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཚེས་བཅོ་བརྒྱད་ཉིན་ཕེན་རང་དུ་འབྱོར་ནས། ཁྲའོ་ཞན་ལ་དངོས་གཞིའི་འཚམས་འདྲི་བྱས་པ་རེད།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་དགའ་བསུའི་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ཁྲའོ་ཞན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་འབྲེལ་བ་དམ་ཟབ་སྲུང་འཛིན་བྱེད་བཞིན་ཡོད་པ་དང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁྲའོ་ཞན་དུ་འཚམས་འདྲི་བྱས་པ་ལས་ཁྲའོ་ཞན་དང་ཨུ་རུ་སི་ཡིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ལོ་རྒྱུས་རང་བཞིན་གྱི་གྲོས་ཆོད་རྨང་གཞིར་བྱས་ཏེ། སྔར་ལས་མཐོ་བའི་ཆུ་ཚད་སྟེང་ཕྱོགས་བསྡུས་རང་བཞིན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱ་བསྐྱེད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་གཞིར་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་འབྲེལ་བར་འགྱུར་དུ་འཇུག་འདོད་པའི་རེ་འདུན་མངོན་པར་བྱས་ཡོད། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་མགོ་གཙོའི་གྲོས་མཐུན་དངོས་འབེབས་བྱེད་པའི་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་པའི་ཆེད་དུ་ཡིན་ཟེར།

ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཟླ་དགུ་བར་ཨུ་རུ་སི་ནས་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་མོལ་བྱེད་སྐབས་གནད་དོན་དང་མཉམ་ལས་ལས་དོན་གལ་ཆེན་མང་བོར་གྲོས་བསྡུར་བྱས་པར་མ་ཟད། གྲོས་མཐུན་དང་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།