ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་མིག་སྔར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པའི་འཆར་གཞི་མེད་པའི་ཚུལ་བསྟན།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་མགྲིན་ཚབ་པ་ཐེ་ནུན་ཏིས་ཀྱིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་གནས་བབ་སྔར་བཞིན་ཛ་དྲག་ཡིན་ཡང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་མིག་སྔར་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པའི་འཆར་གཞི་མེད་ཟེར།

ཐེ་ནུན་ཏིས་ཀྱིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་གཏན་འཇགས་མིན་པ་དང་། ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་མང་བོར་འཁྲུག་རྩོད་འབྱུང་བཞིན་ཡོད་ཀྱང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་མིག་སྔར་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པའི་འཆར་གཞི་མེད་ལ། མུ་མཐུད་དུ་ཕྱོགས་སོ་སོའི་བར་གྲོས་མོལ་བྱས་ཏེ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བཞིན་ཡོད་ཟེར།

ལེ་པཱ་ནུན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས་བཅུ་དགུ་ཉིན་དབྱི་སི་རལ་གྱི་དམག་དོན་རྟེན་གཞི་འགའ་དང་མཐའ་མཚམས་ལ་ཉེ་བའི་དབྱི་སི་རལ་གྱི་ཞིང་སྡེ་ཞིག་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཟེར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་སུམ་ཅུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་མེ་སྒྱོགས་བཀོལ་ནས་རྒོལ་ལན་སྤྲད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།