ཨེ་ཅིབ་ཀྱིས་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་བསྟུད་མར་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱས་ཆོག་པའི་ཚུལ་བསྟན།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་མུ་མཐུད་དུ་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས། ཨེ་ཅིབ་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་ལ་མུ་མཐུད་དུ་རོགས་སྐྱོར་བྱེད་པར་འཐད་པ་ཡིན་ཟེར།

ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ་ནས་ཚེས་བཅུ་དགུའི་ཉིན་བར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧན་ཡུག་ནེ་སི་དང་ཐཱ་ཨར་ཧཱ་ཝ། ཅེ་པཱ་ལེ་ཡེ་སོགས་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས། ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ལ་གཏོགས་པའི་སློབ་གྲྭ་ཞིག་ལ་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་སྣར་ཤི་རྨས་བཟོས་ཡོད་པ་དང་། སློབ་གྲྭ་དེའི་ནང་ཡུལ་འཁྱམས་བྱེད་པའི་མི་མང་བོ་བཀོད་སྒྲིག་བྱས་ཡོད་པ་རེད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་བཤད་རྒྱུར། མུ་མཐུད་དུ་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་རུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་ཡིན་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་དགོང་མོར་ཐི་ལཱ་ཝེ་ཧྥུའུ་ནས་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་མེ་ཤུགས་འཕུར་མདའ་མང་བོ་བཀག་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་རྒྱུན་མཐུད་རོགས་སྐྱོར་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཨེ་ཅིབ་ཕྱོགས་ཀྱིས་དེའི་སྔོན་བསྟན་དོན། དབྱི་སི་རལ་གྱིས་བསྟུད་མར་འགས་གཏོར་བཏང་བས་ལཱ་ཧྥུ་རྒྱུ་ལམ་དུ་བགྲོད་ཐབས་མེད་ཟེར། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་བདེ་འཇགས་སྡེ་ཁག་གིས་ཆོད་དོན་སྤེལ་ནས། དབྱི་སི་རལ་གྱིས་རྒུད་སྐྱོབ་དངོས་རྫས་དག་ཨེ་ཅིབ་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱེད་མི་སྲིད་ཀྱང་། དངོས་རྫས་དེ་དག་ཧཱ་མཱ་སིའི་ལག་ཏུ་ལྷུང་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།