ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་དུས་ཡུན་རིང་བོར་ཝུའུ་ཁི་ལན་ལ་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཉིན་དེར་བརྙན་འཕྲིན་ལེ་ཚན་ཞིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་དུས་ཡུན་རིང་བོར་ཝུའུ་ཁི་ལན་ལ་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་པར་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད་ཟེར།

ཁུའུ་ལེ་པཱ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཟླ་སྔོན་མར་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་མཉམ་དུ་དོན་དེར་ཐུན་མོང་གྲོས་མཐུན་བཀོད་ཡོད་ཟེར། ཁུའུ་ལེ་པཱ་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་དང་ལེན་བྱས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་གི་ཁ་གྲངས་གསལ་བོར་བཤད་མེད།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁའི་དཔོན་རིགས་མང་བོའི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཉེ་སྔོན་ཝུའུ་ཁི་ལན་ལ་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་འདོན་སྤྲོད་བྱས་ཡོད་ཟེར། ཁོ་ཚོས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་རྒྱང་འཕེན་འཕུར་མདའ་དེ་རིགས་བཀོལ་ནས་པེ་ཨར་ཅང་སི་ཁི་དང་ལུའུ་ཀན་སི་ཁི་རུ་ཡོད་པའི་ཨུ་རུ་སིའི་དམག་དོན་རྟེན་གཞིར་ཆམ་ཕབ་བཏང་ཡོད་ཟེར། ཙེ་ལེན་སི་ཅི་ཡིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེར་ཨུ་རུ་སིའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་གཏོང་སྐབས་ཨ་མེ་རི་ཁས་འདོན་སྤྲོད་བྱས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་བེད་སྤྱོད་བྱས་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་བསྟན་དོན། ཝུའུ་ཁི་ལན་ལ་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་འདོན་སྤྲོད་བྱས་པ་ནི་འཇིགས་ཉེན་གཞན་ཞིག་ཡིན་ཡང་། དེས་གཡུལ་སའི་གནས་ཚུལ་ལ་འགྱུར་ལྡོག་བཟོ་མི་སྲིད་ཟེར།

ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ཨན་ཏུའུ་ནོའུ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་པའི་ཆོད་དོན་ནི་ནོར་འཆུག་ཆེན་པོ་ཞིག་ཡིན་པ་དང་། དེ་ལས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།

ཨ་མེ་རི་ཁའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་གི་གཏོང་འཕེན་བར་ཐག་སྤྱི་ལེ་སུམ་བརྒྱ་ཡིན་པ་དང་། ཁི་ལི་མུས་ཡཱ་སོགས་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་ཆམ་ཕབ་གཏོང་ཐུབ་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།