དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་ཕཱ་ལེ་སི་ཐན་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་ཀྱིས་མུ་མཐུད་དུ་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་སྟོང་ལྔ་དང་སུམ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་སྟོང་གསུམ་དང་དགུ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་ཡོད། ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་བརྒྱ་ལྷག་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡུལ་གྱར་བའི་སྒར་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས། ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱིས་མུ་མཐུད་དུ་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་བརྒྱ་ལྷག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བཀོད་འདོམ་ལྟེ་གནས་དང་དྲག་ཆས་མཛོད་ཁང་། ས་འོག་ཕུག་ལམ་སོགས་འདུས་ཟེར།

ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉི་ཤུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཚེས་བཅུ་དགུ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་ཡི་ཡུལ་གྱར་བའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་ལྔ་འདུས་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། རྩ་འཛུགས་དེའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ལྷ་མཁར་སྟོང་ཤོག་གིས་དབྱི་སི་རལ་གྱི་ཨ་ཧྲི་ཁའེ་ལུང་དང་། སི་ཏའེ་ལོ་ཐི་སོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་སོ་སོར་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དབྱི་སི་རལ་གྱི་དམག་དཔུང་ལ་རྟོག་ཞིབ་བྱས་པ་དང་། ཅཱ་ལན་ཐི་ཡིས་དཔུང་འཇུག་གི་བཀའ་རྒྱ་མི་འགྱངས་པར་སྒྲོག་སྲིད་ཟེར།

གཞན་ཡང་ཨེ་ཅིབ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱིས་ཚེས་ཉེར་གཅིག་ཉིན་སྲིད་འཛིན་རྒྱལ་ས་གསར་བ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་རྒྱུ་རེད།

དེ་ལས་གཞན་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་བར། དབྱི་རག་དང་སི་རི་ཡཱ་རུ་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་རྟེན་གཞི་མང་བོར་མི་བསྡད་མེད་པའི་གནམ་གྲུ་དང་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས། ཨ་མེ་རི་ཁའི་མི་སྣར་ཤི་རྨས་ཐེབས་ཡོད། དབྱི་རག་དམངས་དམག་རྩ་འཛུགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁྱབ་བསྒྲགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།