ཧཱ་མཱ་སི་ཡིས་ཨ་མེ་རི་ཁའི་མི་གཉིས་ཕྱིར་བཏང་བ་ཁྱབ་བསྒྲགས་བྱས།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་གྱི་བར་འདུམ་འོག་ཏུ། ཁཱ་སིང་སྟོང་ཤོག་གིས་མི་ཆོས་རིང་ལུགས་ལ་བསམ་བློ་བཏང་ནས་བཀག་འཇུག་བྱས་པའི་ཨ་མེ་རི་ཁའི་མི་གཉིས་ཕྱིར་གཏོང་རྒྱུ་ཐག་བཅད་ཡོད་ཟེར།

ཁཱ་སིང་སྟོང་ཤོག་གིས་གསལ་སྒྲོག་ནང་དུ་ཕྱིར་གཏོང་བའི་ཨ་མེ་རི་ཁའི་མི་དེ་གཉིས་ཀྱི་གནས་ཚུལ་གསལ་བོར་བསྒྲགས་མེད་ཀྱང་། ས་དེའི་སྨྱན་བྱད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཕྱིར་བཏང་བ་ནི་མ་བུ་གཉིས་ཡིན་ལ། ཁོ་མོ་གཉིས་དབྱི་སི་རལ་རྒྱལ་ཁབ་ཏུ་ཞུགས་ཡོད་མེད་གསལ་བོར་ཤེས་ཐབས་མེད་ཟེར། གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་མི་དེ་གཉིས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་སྤྲད་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མི་ཀྲུའུ་ཏིས་སི་ལཱ་ཨ་ནན་དང་ནཱ་ཐཱ་ལེ་ལཱ་ཨ་ནན་གཉིས་ཉིན་དེའི་དགོང་མོར་ཧཱ་མཱ་སི་ཡིས་ཕྱིར་བཏང་བ་ཁས་ལེན་བྱས། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་ནས་ཕྱིར་བཏང་བའི་མི་དེ་གཉིས་ལ་བསུ་བ་བྱས་པར་མ་ཟད། ཁོ་མོ་གཉིས་དབྱི་སི་རལ་དབུས་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་བསྐྱལ་ནས། ཁོ་མོ་ཚོའི་ཁྱིམ་མི་དང་ལྷན་འཛོམས་བྱེད་པར་སྒུག་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།