ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱས།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་དགུ་ཉིན་ཕེན་རང་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱས།

བསྒྲགས་པ་ལྟར་ན། ཐུག་འཕྲད་བྱེད་སྐབས་ཨིན་ཀྲིན་ཨིན་གྱིས་ཟླ་དགུ་བར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་པར་མ་ཟད། ཁྲའོ་ཞན་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་ཁྲའོ་ཞན་དང་ཨུ་རུ་སིའི་མགོ་གཙོའི་གྲོས་མོལ་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་ལ་བརྟེན་ནས་རང་འགུལ་གྱིས་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ། དེ་མིན་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་ཧུར་ཐག་སྒོས་རྒྱ་བསྐྱེད་པ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་ཕེན་རང་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་ཏེ། ཧུར་ཐག་སྒོས་དཔལ་འབྱོར་དང་རིག་གནས། སྔོན་ཐོན་ལག་རྩལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་གནས་བབ་སོགས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཐུན་མོང་འགུལ་སྐྱོད་ལ་ཤུགས་སྣོན་དང་བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་གཉིས་རིང་ཁྲའོ་ཞན་དུ་འཚམས་འདྲི་བྱེད་པ་མཇུག་སྒྲིལ་ནས་ཚེས་བཅུ་དགུ་ཉིན་ཕེན་རང་དང་བྲལ་བ་རེད་ཟེར།

ཅིན་ཀྲིན་ཨིན་གྱིས་ཟླ་དགུ་བར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གནད་དོན་ཆེན་མོ་དང་མཉམ་ལས་ལས་དོན་མང་བོར་གྲོས་བསྡུར་བྱས་ནས་གྲོས་མཐུན་དང་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།