ཨ་མེ་རི་ཁའི་ཙུང་ཐུང་གིས་མ་དངུལ་འབོར་ཆེན་བཏང་ནས་དབྱི་སི་རལ་དང་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉི་ཤུ་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ལ་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་དྲུག་གི་དམིགས་བསལ་དངུལ་གཏོང་རེ་བ་བཏོན་པ་དང་། མ་དངུལ་དེ་གཙོ་བོ་དབྱི་སི་རལ་དང་ཝུའུ་ཁི་ལན་གྱི་རོགས་སྐྱོར་ཁ་སྣོན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དམིགས་བསལ་གྱི་དངུལ་གཏོང་དེའི་ཁྲོད་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་དུང་ཕྱུར་གསུམ་དབྱི་སི་རལ་ལ་དམག་དོན་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་ཝུའུ་ཁི་ལན་གྱི་དམག་དོན་དང་བདེ་འཇགས། དཔལ་འབྱོར་བཅས་ཀྱི་ཐད་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ལ། གཞན་ཡང་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་ལྷག་ཨ་མེ་རི་ཁའི་མཐའ་མཚམས་བདེ་འཇགས་ལ་ཤུགས་སྣོན་བྱེད་པའི་ཐད་བཀོལ་རྒྱུ་རེད་ཟེར།

པེད་ཏིན་གྱིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མང་ཚོགས་དག་གིས་ཁོས་བཏོན་པའི་གྲངས་འབོར་ཆེ་བའི་རོགས་སྐྱོར་འཆར་གཞི་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། ཡིན་ཡང་དབྱེ་ཞིབ་མི་སྣས་བལྟས་ན། གྲངས་འབོར་ཆེ་བའི་དངུལ་གཏོང་གྲོས་གཞི་དེར་སྤྱི་མཐུན་ཏང་གིས་ངོ་རྒོལ་བྱེད་སྲིད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།