མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ལཱ་ཧྥ་རུ་འཚམས་འདྲི་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱེད་པའི་རླངས་འཁོར་རུ་ཁག་མྱུར་མོར་བགྲོད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉི་ཤུ་ཉིན་ཨེ་ཅིབ་དང་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་འབྲེལ་མཚམས་ཀྱི་ལཱ་ཧྥ་རྒྱུ་ལམ་ས་ཁུལ་དུ་འཚམས་འདྲི་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱེད་པའི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་མྱུར་མོར་བགྲོད་དུ་བཅུག་ནས། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ལཱ་ཧྥ་རྒྱུ་ལམ་གྱི་ཨེ་ཅིབ་ཕྱོགས་ཀྱི་ས་ཁུལ་ནས་གཏམ་བད་སྤེལ་ཏེ། བར་གྱང་འདི་དག་གི་ལྟག་རྒྱབ་ཏུ་མི་ས་ཡ་གཉིས་ཀྱིས་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད། ཁོ་ཚོར་ཆུ་དང་ཟས་རིགས། སྨན་རྫས། འབར་རྫས་སོགས་ཅི་ཡང་མེད། རོགས་སྐྱོར་དངོས་རྫས་དག་མྱུར་མོར་འབྱོར་ཐུབ་མིན་དེ་ཅཱ་ཧྲ་ས་ཁུལ་གྱི་མི་མང་བོར་མཚོན་ན་ཤི་གསོན་གྱི་ཁྱད་པར་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལྟ་ཧུར་ཐག་སྒོས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱས་ཏེ། རོགས་སྐྱོར་རླངས་འཁོར་དག་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་བགྲོད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པ་ལའེ་ཨར་ཁི་ཡིས་ཚེས་ཉི་ཤུ་ཉིན་རི་ནེ་ཝ་ནས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་སྐྱེལ་འདྲེན་བྱེད་ཐབས་ཐད་ནས་གྲོས་མཐུན་འགོད་ལ་ཉེ་ཟེར།

ཅཱ་ཧྲ་ས་ཁུལ་དུ་བསྡོམས་པས་རྒྱུ་ལམ་གསུམ་ཡོད་ཅིང་། ལཱ་ཧྥ་རྒྱུ་ལམ་ལས་གཞན། བྱང་ཕྱོགས་ཀྱི་ཨེ་ལོས་ཙི་རྒྱུ་ལམ་དང་ཤར་ལྷོའི་ཕྱོགས་ཀྱི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་གཉིས་དབྱི་སི་རལ་དང་འདབས་འབྲེལ་དུ་ཡོད། མིག་སྔར་སྨན་བཅོས་མཁོ་དངོས་དང་ཟས་རིགས། ཉལ་ཐུལ་སོགས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་མང་བོ་ལཱ་ཧྥ་རྒྱུ་ལམ་གྱི་ཨེ་ཅིབ་ཕྱོགས་ཀྱི་ས་ཁུལ་དུ་འབྱོར་ནས་བཀག་སྡོམ་ཐེབས་ནས་ཉིན་མང་བོ་འགོར་བའི་ཅཱ་ཧྲ་ས་ཁུལ་དུ་བགྲོད་པར་ཆོག་མཆན་ཐོབ་པར་སྒུག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།