ཕ་ལེ་སི་ཐན་གནད་དོན་གྱི་རྩེ་ཚོགས་ཨེ་ཅིབ་ནས་བསྡུས།
2023.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕ་ལེ་སི་ཐན་གནད་དོན་གྱི་རྩེ་ཚོགས་ཚེས་ཉེར་གཅིག ་ཉིན་ཁའེ་ལོའི་ཉེ་འགྲམ་གྱི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་བ་རུ་བསྡུས་པ་དང་། ཚོགས་ཞུགས་ཕྱོགས་སོ་སོས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་གནད་དོན་ཅི་ལྟར་ཐག་གཅོད་པར་གྲོས་སྡུར་བྱས་པར་མ་ཟད། ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཀྱིས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།

ཐེངས་འདིའི་ཁེ་ལོ་ཞི་བདེ་རྩེ་ཚོགས་དེ་ཨེ་ཅིབ་ཀྱིས་གྲོས་འགོ་བཏོན་ནས་བསྡུས་པ་དང་། རྒྱལ་ཁབ་སུམ་ཅུ་ལྷག་གི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ། ཆེད་མངག་ཕོ་ཉ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་མི་སྣ་རྩེ་ཚོགས་ལ་ཞུགས། ཨེ་ཅིབ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀྲའེ་ཅུན་ཐེངས་འདིའི་རྩེ་ཚོགས་ལ་ཞུགས།

ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་རྩེ་ཚོགས་འགོ་རྩོམ་པའི་ཤིས་ཚིག་ནང་བཤད་རྒྱུར། ཨེ་ཅིབ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་མི་ཨེ་ཅིབ་ཀྱི་མངའ་ཁོངས་སུ་མཐར་སྐྲོད་བྱེད་པ་དང་ལེན་མི་བྱེད་པ་དང་། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པའི་བྱེད་ཐབས་གཅིག་པུ་ནི་ཕ་ལེ་སི་ཐན་གྱི་མི་ལ་ཁྲིམས་དང་མཐུན་པར་སྒེར་ཚུགས་རྒྱབ་ཁབ་ཏུ་འཚོ་བ་རོལ་བའི་དབང་ཆ་སྟེར་རྒྱུ་དེ་ཡིན། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། དབུས་ཤར་ཞི་བདེའི་བརྒྱུད་རིམ་སླར་གསོ་བྱེད་པའི་ལམ་ཐིག་པར་རིས་བྲིས་ཏེ། མིག་སྔའི་མི་ཆོས་རིང་ལུགས་ཀྱི་སྐྱོ་གར་མཇུག་བསྒྲིལ་རྒྱུའི་འབོད་སྐུལ་བཏང་།

ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་བརྒྱ་དང་གོ་བཞི་པ་གཞིར་བཟུང་ནས་ཡུལ་གྱར་པའི་གནད་དོན་ཐག་བཅད་ན། ད་གཟོད་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་ཐུབ། ཁོས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་བ་དང་། མྱུར་དུ་བཙན་འཛུལ་བྱེད་མཚམས་འཇོག་པར་མ་ཟད་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཀྱི་སྒོ་འབྱེད་པ་དང་། ཟས་རིགས་དང་སྨན་རྫས་སོགས་ཉེར་མཁོའི་དངོས་རྫས་བསྐོར་སྡེམ་བྱས་པའི་ཅ་ཧྲ་ས་ཁུལ་དུ་སྐྱེལ་ཆོག་པར་བྱེད་རྒྱུའི་འབོད་སྐུལ་བཏང་། ཁོས་ད་དུང་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་མི་ཕྱིར་སྐྲོད་བྱེད་མི་རུང་བའི་ཐ་ཚིག་བསྒྲགས།

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་འཁྲུག་རྩོད་ཀྱི་མཚམས་འཇོག་པ་དང་། སྤྱི་དམངས་ལ་སྲུང་སྐྱོབ་བྱེད་པར་མ་ཟད། ལངས་ཕྱོགས་གཅིག་གྱུར་བྱས་ནས་སྤྱི་དམངས་དམིགས་འབེན་དུ་བྱས་པའི་འཇབ་རྒོལ་སྤྱོད་ཚུལ་ལ་རྒོལ་གཏམ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་གཏམ་བཤད་སྐབས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་བརྒྱུད་དེ་ཕ་ལེན་སི་ཐན་གྱི་གནད་དོན་ཐག་གཅོད་པར་མ་ཟད། སྨན་བཅོས་རོགས་སྐྱོར་དངོས་ཟོག་དྲུད་པའི་རླངས་འཁོར་ཉི་ཤུ་ཉིན་དེར་ལ་ཧྥ་གྲུ་ཁའི་ཨེ་ཅིབ་ཀྱི་གཞོགས་ངོས་ནས་ཅ་ཧྲ་ས་ཁུལ་དུ་བསྐྱོད་པར་དགའ་བསུ་ཞུས།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁྲུག་རྩོད་ཀྱི་མཚམས་འཇོག་པར་སྐུལ་འདེད་གཏོང་བར་མ་ཟད། མྱུར་དུ་བདེ་འཇགས་ཀྱི་བར་ཁྱམས་ཞིག་བཏོད་དེ། ཅ་ཧྲ་ས་ཁུལ་གྱི་མི་དམངས་ལ་རྒྱུན་མི་ཆད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁི་ལའེ་ཧྥོ་ལེ་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་དུ་འབད་འཐབ་བྱས་ནས། གཏན་འཇགས་མིན་པའི་གནས་བབ་ས་ཁུལ་ཡོངས་ལ་ཁྱབ་པར་མ་ཟད་ཚེ་སྲོག་སྔར་ལས་མང་པོ་འཕྲོག་པར་བཀག་འགོག་བྱེད་རྒྱུའི་འགན་འཁྲི་ཡོད། ཕྱི་འབྲེལ་གྱིས་འབད་འཐབ་བརྒྱུད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་མི་དང་ཕ་ལེ་སི་ཐན་གྱི་མི་མ་འོངས་པར་ཞི་བདེ་ངང་མཉམ་གནས་བྱེད་པར་ཁག་ཐེག་བྱེད་ཆོག་པར་ཡིད་ཆེས་བརྟན་པོ་ཡོད།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་གྱིས་བསྟན་དོན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་འགན་སྲུང་རྐྱེན་སྲོལ་གསར་བ་མཁོ་བ་དང་། ཕྱོགས་སོ་སོས་འདྲ་མཉམ་ཞི་བདེ་མངོན་འགྱུར་བྱེད་ཆེད་བཀོལ་སྤྱོད་བྱས་པའི་རྒྱུད་རིམ་ལ་འགན་སྲུང་བྱེད་དགོས། གལ་ཏེ་དབྱི་སི་རལ་གྱིས་མུ་མཐུད་དུ་འཇབ་རྒོལ་སྤེལ་ན། ས་ཁུལ་གྱི་གནས་བབ་ཇེ་བཙོག་ཏུ་བསྒྱུར་བ་དང་། འཛམ་གླིང་ཡོངས་ཀྱི་གཏན་འཇགས་ཞི་བདེ་ལ་འཇིགས་སྐུལ་བྱེད་ངེས།

རིན་ཆེན་མཚོས་བསྒྱུར།