དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།
2023.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཙུགས་ཧཱ་མ་སི་ལ་གནོན་ཤུགས་སྟེར་རྒྱུ་ཡིན་ཟེར།

དངྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧཱ་ལི་ཅ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱི་ཉིན་དེ་ནས་བཟུང་ཧཱ་མ་སིར་འཇབ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས་དམག་འཁྲུག་གི་དུས་རིམ་རྗེས་མར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་དོན། ཧཱ་མ་སིའི་མངའ་འོག་གི་དྲག་ཆས་ཕྱོགས་ཁག་ཁཱ་སང་དམག་དཔུང་གི་མཐོ་རིམ་བཀོད་འདོམས་དཔོན་ཐཱ་ལ་ལི་ཞིན་ཏིས་ལ་ཅ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་ཟེར། ཧཱ་མ་སི་ཡིས་ཞིན་ཏིས་དང་ཁོའི་ཆུང་མ་དང་བུ་མོ་གཉིས་བཅས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

དབྱི་སི་རལ་གྱིས་ཚེས་ཉེར་གཅིག་ཉིན་མུ་མཐུད་དུ་བྱང་ཕྱོགས་མཐའ་མཚམས་སུ་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་དང་འཐབ་བཞིན་ཡོད་ལ། དབྱི་སི་རལ་དམག་ཕྱོགས་ཀྱིས་ལི་པཱ་ནིན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་མང་པོར་བར་སྣང་འཇབ་རྒོལ་བྱས་པ་དང་ཀྲིན་ཀྲུའུ་ཏང་ལ་རྒོལ་ལན་སྤྲོད་ཆེད་འཕུར་མདའ་གཏོང་འཕེན་བྱས།

ཚེས་ཉེར་གཅིག་ཉིན་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་དམག་འཁྲུག་བྱུང་ནས་ཉིན་བཅོ་ལྔ་འགོར་བ་རེད། མིག་སྔའི་བར་དུ་དམག་འཁྲུག་ཁྲོད་ཕྱོགས་གཉིས་ཀྱི་མི་ལྔ་སྟོང་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཆིག་ཁྲི་བདུན་སྟོང་ལྷག་ལ་རྨས་ཕོག

མི་ཕམ་མགོན་པོས་བསྒྱུར།