དབྱི་སི་རལ་གྱིས་སི་རི་ཡའི་གནམ་གྲུ་ཐང་གཉིས་ལ་བར་སྣང་ནས་འཇབ་རྒོལ་བྱས།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར།    ཉིན་དེར་དབྱི་སི་རལ་གྱིས་སི་རི་ཡའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་སི་རི་ཡའི་བྱང་ཕྱོགས་ཀྱི་ཨ་ལི་ཕའོ་གནམ་གྲུ་ཐང་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་གཅིག་བསད་པ་དང་མི་གཅིག་རྨས་ཟེར།

གསལ་བསྒྲགས་ཁྲོད་བཤད་རྒྱུར།   ཉིན་དེའི་ཆུ་ཚོད་ལྔ་དང་སྐར་མ་ཉེར་ལྔའི་སྟེང་དུ།   དབྱི་སི་རལ་གྱིས་བཟུང་བའི་ཀི་ལན་མཐོ་སྒང་དང་སི་རི་ཡའི་བྱང་ཕྱོགས་ཀྱི་ལཱ་ཐ་ཅི་ཡ་ཞིང་ཆེན། དེ་མིན་ནུབ་ཀྱི་ས་དབུས་རྒྱ་མཚོ་ཆེན་མོའི་ཕྱོགས་ནས་དུས་མཉམ་དུ་གོང་གི་གནམ་གྲུ་ཐང་གཉིས་ལ་འཕུར་མདེལ་གྱིས་འཇབ་རྒོལ་བྱས་ཏེ་ཏཱ་མཱ་ཧྲི་ཀའི་གནམ་གྲུ་ཐང་གི་ལས་བཟོ་པ་གཅིག་བསད་པ་དང་ལས་བཟོ་པ་གཅིག་རྨས།  འཇབ་རྒོལ་ལས་ད་རུང་གནམ་གྲུ་ཐང་གི་བགྲོད་ལམ་ལ་གནོད་སྐྱོན་ཐེབས་ཡོད་པས། གནམ་གྲུ་ཐང་དེ་གཉིས་ཀྱིས་གནས་སྐབས་སུ་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད་ཟེར།

སི་རི་ཡའི་འགྲིམ་འགྲུལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    གོང་གི་གནམ་གྲུ་ཐང་གཉིས་ཀྱི་འབྲེལ་ཡོད་དུས་གཏན་གནམ་གྲུ་ལཱ་ཐཱ་ཅི་ཡ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གཏོང་རྒྱུ་རེད་ཟེར།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ནང་འཁྲུག་བྱུང་རྗེས།  དབྱི་སི་རལ་གྱིས་སི་རི་ཡའི་མངའ་ཁོངས་སུ་དབྱི་ལང་གི་དམག་དོན་སྒྲིག་ཆས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་།    སི་རི་ཡ་དང་དབྱི་ལང་སྲིད་གཞུང་གཉིས་ཀྱིས་དབྱི་ལང་གི་དམག་དཔུང་སི་རི་ཡ་རུ་བཅའ་སྡོད་བྱས་མེད་ཅེས་བཤད།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།