མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་དྲུད་པའི་ལྗིད་ཐེག་རླངས་འཁོར་བཅུ་བདུན་ཚེས་ཉེར་གཉིས་ཉིན་ལཱ་ཧྥ་འགག་སྒོའི་ཨེ་ཅིབ་ཀྱི་ཕྱོགས་ནས་ཅཱ་ཧྲ་ས་ཁུལ་དུ་སོང་། དེ་ནི་ཚེས་ཉེར་གཅིག་ཉིན་གྱི་ཚུན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་ཐེངས་གཉིས་པ་ལཱ་ཧྥ་འགག་སྒོ་ནས་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་བ་རེད།
ཨེ་ཅིབ་ཀྱི་སྲིད་གཞུང་རྩ་འཛུགས་མ་ཡིན་པའི་ཨེ་ཅིབ་ཟས་རིགས་དངུལ་ཁང་གི་དང་བླངས་པ་ལཱ་དབྱི་ཏི་ཅཱ་པ་ལི་ཡིས་ལཱ་ཧྥ་འགག་སྒོའི་ཨེ་ཅིབ་ཀྱི་ཕྱོགས་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་རོགས་སྐྱོར་དངོས་རྫས་ནི་ཨེ་ཅིབ་ཀྱི་ཟླ་གསར་དམར་པོ་ཚོགས་པ་སོགས་སྡེ་ཁག་གིས་ཞལ་འདེབས་སུ་ཕུལ་བ་ཡིན་ཞིང་། དེའི་ནང་ཟས་རིགས་དང་སྨན་བཅོས་དངོས་རྫས། ཆུ། ལྭ་བ་སོགས་ཡོད་ལ། དངོས་རྫས་དེ་དག་ཅཱ་ཧྲ་ས་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཕ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པ་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣར་སྤྲོད་རྒྱུ་རེད་ཟེར།
སྤྱི་ཁྱབ་པུའུ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་ལའོ་རུ་ཡོད་པའི་དམངས་ཁྲོད་རྩ་འཛུགས་འཚོ་བ་གསར་གཏོད་མཁན་ཐེབས་རྩ་ཚོགས་པའི་འགན་འཁུར་པ་ཨ་པུའུ་ཏུའུ་ལི་ལཱ་ཧི་མན་ཧཱ་པཱ་ཐི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དངོས་རྫས་དེ་དག་གིས་ཅཱ་ཧྲ་ས་ཁུལ་དུ་ལུས་པའི་མི་ཁྲི་ཕྲག་མང་པོའི་དགོས་མཁོ་བསྐངས་ཐུབ་མེད། ས་དེའི་མང་ཚོགས་ཀྱི་གནས་བབ་ཧ་ཅང་དཀའ་སྡུག་ཆེ་བ་དང་གཞི་རྩའི་འཚོ་བའི་མཁོ་དངོས་ཧ་ཅང་དཀོན་ཟེར།
དབྱི་སི་རལ་དང་ཕ་ལེ་སི་ཐན་གྱིས་ཟླ་འདིའི་ཚེས་བདུན་ཉིན་གྱི་ཚུན་ལ་སྐོར་གསར་པའི་དམག་དོན་འཁྲུག་རྩོད་བྱས་ཏེ་མི་སྣ་མང་བོ་ཤི་རྨས་བཟོས། ཚེས་ཉེར་གཅིག་ཉིན་སྐོར་དང་པོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་དྲུད་པའི་ལྗིད་ཐེག་རླངས་འཁོར་ཉི་ཤུ་ལཱ་ཧྥ་འགག་སྒོའི་ཨེ་ཅིབ་ཀྱི་ཕྱོགས་ནས་ཅཱ་ཧྲ་ས་ཁུལ་དུ་སོང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཨེ་ཅིབ་ཀྱི་ཨ་ལིས་ཧྲིན་གནམ་གྲུ་ཐང་དང་ལཱ་ཧྥ་འགག་སྒོ་ནི་ཅཱ་ཧྲ་མི་དམངས་ཀྱི་ཚེ་སྲོག་གི་འགག་སྒོ་ཡིན་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ལ་ཚད་བཀག་མེད་པར་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་བསྐྱོད་ཆོག་པར་བྱེད་དགོས་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།