ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན། སྐོར་ཐེངས་ཉེར་དྲུག་པའི་ཀྲུང་གོའི་ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ཐན་ཙན་ནི་ཡའི་ཅི་ཀི་མ་ཞིང་ཆེན་དུ་ནད་བརྟག་བྱ་འགུལ་སྤེལ་ཏེ། ས་གནས་ཀྱི་མང་ཚོགས་ལ་རིན་མེད་ངང་ནད་བཅོས་བྱས་པ་དང་སྨན་རྫས་བྱིན་པར་མ་ཟད། ས་གནས་སྨན་བཅོས་མི་སྣར་མྱུར་སྐྱོབ་ཤེས་བྱ་དང་དྲན་པ་གསོ་ཐབས་སྦྱོང་བརྡར་བྱས།
ནད་བརྟག་བྱ་འགུལ་གྱི་དུས་ཡུན་ཉིན་ལྔ་ཡིན་ལ། ནད་བརྟག་བྱ་འགུལ་ཁྲོད་དུ་སྙིང་ནད་ཚན་ཁག་དང་། དབུགས་ལམ་ཚན་ཁག། འགོས་ནད་ཚན་ཁག། བྱིས་པའི་ཁོང་ནད་ཚན་ཁག རུས་ནད་ཚན་ཁག་བཅས་དང་། དབང་རྩ་སོགས་ཕྱི་ནད་ཚན་ཁག་ཀྱང་འདུས་ཡོད། སྨན་བཅོས་རུ་ཁག་གིས་དྲོད་གྲངས་མཐོ་བ་དང་། ཆུ་དཀོན་པ། གློག་མེད་པ། སྨན་བཅོས་སྒྲིག་ཆས་མེད་པ་སོགས་ཀྱི་དཀའ་ཁག་ཁྱད་དུ་སེལ་ནས། བསྡོམས་པས་ནད་པ་སྟོང་གཅིག་ལྷག་ལ་བརྟག་བཅོས་བྱས་ཤིང་། ནད་པ་དགུ་ལ་གཤགས་བཅོས་བྱས།
སྨན་བཅོས་རུ་ཁག་གིས་ཆེད་ལས་སོ་སོའི་རྒྱུན་མཐོང་གི་ནད་བརྟག་ཐབས་དང་། ནད་རིགས་ཀྱི་དཀའ་གནད་སེལ་ཐབས་གསར་བ། མྱུར་སྐྱོབ་བྱེད་ཐབས་སོགས་གནད་དོན་ཐད་ནས་ས་གནས་ཀྱི་སྨན་བཅོས་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་གོའི་ཐན་ཙན་ནི་ཡ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཁྲིན་མེན་ཅན་གྱིས་ནད་བརྟག་བྱ་འགུལ་འགོ་རྩོམ་པའི་མཛད་སྒོའི་སྟེང་ཀྲུང་གོ་དང་ཐན་ཙན་ནི་ཡའི་འཕྲོད་བསྟེན་མཉམ་ལས་ཀྱི་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་བྱས་པར་མ་ཟད། ཀྲུང་གོས་སྨན་བཅོས་རུ་ཁག་མངག་གཏོང་བྱས་པའི་ལོ་དྲུག་ཅུའི་རིང་གི་འབྲེལ་ཡོད་གནས་ཚུལ་ལ་ཕྱིར་དྲན་བྱས། མོས་བཤད་རྒྱུད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་དང་མཉམ་དུ་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱུ་ཡིན་ཟེར།
ཅི་ཀི་མ་ཞིང་ཆེན་གྱི་རྒྱལ་ཚོགས་ཁོངས་མི་མཱ་ཁ་ནིས་ཁ་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོས་ཐེངས་འདིའི་ནད་བརྟག་བྱ་འགུལ་སྤེལ་བར་བཀའ་དྲིན་ཞུས་པ་དང་། སྨན་བཅོས་རུ་ཁག་གིས་ས་གནས་མང་ཚོགས་ལ་རིན་མེད་ནད་བཅོས་བྱས་པ་དང་སྨན་རྫས་བྱིན་པར་བཀའ་དྲིན་ཆེ་ཞུས།
རིག་འཛིན་སྒྲོལ་མས་བསྒྱུར།