དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་ས་ངོས་འགུལ་སྐྱོད་དེ་ཟླ་ངོ་གསུམ་རིང་རྒྱུན་བསྲིང་ཡང་སྲིད་ཟེར།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར།    དབྱི་སི་རལ་གྱི་དམག་དཔུང་གིས་མི་འགྱངས་པར་ཅཱ་ཧྲ་ས་ཁུལ་དུ་སྤེལ་རྒྱུ་ཡིན་པའི་ས་ངོས་འགུལ་སྐྱོད་དེ་ཟླ་གསུམ་གྱི་རིང་རྒྱུན་བསྲིང་ཡང་སྲིད་ཟེར།

ཅཱ་ལན་ཐི་ཡིས་ཐི་ལ་ཝེ་ཧྥུའུ་རུ་ཡོད་པའི་དབྱི་སི་རལ་གྱི་མཁའ་དམག་བཀོད་འདོམས་པུའུ་ནས་བཤད་རྒྱུར།    གལ་ཏེ་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་མེད་པར་གཏོང་ཐུབ་ན།  དེ་ནི་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་ཆེས་མཐའ་མཇུག་གི་ས་ངོས་འགུལ་སྐྱོད་ཡིན་ངེས།   དེ་ལ་ཟླ་གཅིག་གམ་ཡང་ན་ཟླ་གཉིས།   ཟླ་གསུམ་གྱི་དུས་ཡུན་འགོར་ཡང་སྲིད་མོད།  འོན་ཀྱང་མཇུག་མཐར་ཧཱ་མ་སི་ཟེར་བ་ཞིག་ཡོད་མི་སྲིད་ཟེར།

ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོས་འཕངས་པའི་སྒྱོགས་མདེལ་ཉིན་དེར་ནོར་འཁྲུལ་གྱི་དབང་གིས་ཨེ་ཅིབ་དང་དབྱི་སི་རལ་མཐའ་མཚམས་ཀྱི་ཨེ་ཅིབ་ཀྱི་དམག་དོན་སོ་ལྟ་ཁང་ཞིག་ལ་ཕོག་སྟེ་ཨེ་ཅིབ་ཀྱི་དམག་མི་མང་བོར་རྨས་ཡང་མོ་ཕོག་ཡོད་ཟེར།  དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར།  ཉིན་དེར་དབྱི་སི་རལ་གྱི་ཐན་ཁི་འཁོར་ལོས་འཕངས་པའི་སྒྱོགས་མདེལ་ནོར་འཁྲུལ་དབང་གིས་ཨེ་ཅིབ་ཀྱི་དམག་དོན་སོ་ལྟ་ཁང་ཞིག་ལ་ཕོག    དབྱི་སི་རལ་ཕྱོགས་ཀྱིས་བྱེ་བྲག་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་ངེས་ཡིན་ཟེར།

ཚེས་ཉེར་གཉིས་ཉིན་དབྱི་སི་རལ་གྱི་དམག་དཔུང་དང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་དང་ལེ་པ་ནུན་གྱི་མཐའ་མཚམས་སུ་སྔར་བཞིན་འཁྲུག་རྩོད་བྱས་ཏེ།   མི་སྣར་ཤི་རྨས་བཟོས་ཡོད།   དབྱི་སི་རལ་སྲིད་གཞུང་གི་མགྲིན་ཚབ་པས་ཉིན་དེར་བསྟན་དོན།   དབྱི་སི་རལ་གྱིས་བྱང་ཕྱོགས་སུ་དཔུང་འཇུག་གི་ལམ་ཧུར་ཐག་གིས་བཙལ་བཞིན་ཡོད།   དབྱི་སི་རལ་གྱིས་ཕྱོགས་གཉིས་ནས་དམག་འཐབ་བྱེད་འདོད་མེད་ལ། དམིགས་ཡུལ་གཙོ་བོ་ནི་ཧཱ་མ་སི་མེད་པར་གཏོང་རྒྱུ་དེ་ཡིན་ཟེར།

དབྱི་སི་རལ་གྱི་དཔོན་ཕྱོགས་ཀྱིས་སྤེལ་བའི་གཞི་གྲངས་ལྟར་ན།   ཚེས་བདུན་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་སྐོར་གསར་པའི་དམག་དོན་འཁྲུག་རྩོད་བྱུང་བའི་ཚུན་ལ།    ཧཱ་མ་སི་ཡིས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདེལ་སྟོང་བདུན་དང་བཞི་བརྒྱ་འཕངས་པ་དང་། དེའི་ནང་དབྱི་སི་རལ་གྱི་འགོག་སྲུང་མ་ལག་གིས་མེ་ཤུགས་འཕུར་མདེལ་སྟོང་གཅིག་དང་བརྒྱ་བཀག་ཟེར།   དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།   སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་སྟོང་གཅིག་དང་བཞི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་རྨས་མ་སྟོང་ལྔ་དང་བཞི་བརྒྱ་སོ་གཅིག་སྨན་ཁང་དུ་བསྐྱལ།   ཕ་ལེ་སི་ལན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་ཁྲོད་བཤད་རྒྱུར།    དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་སྟོང་བཞི་དང་དྲུག་བརྒྱ་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི་ཁྲི་གཅིག་དང་སྟོང་བཞི་ལ་རྨས་ཕོག་ཟེར།

                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།