ཅ་ཧྲ་ས་ཁུལ་གྱི་མི་ཆོས་གནས་ཚུལ་ཇེ་བཙོག་ཏུ་སོང་བ་དང་ཨ་མེ་རུ་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་གྱི་དམག་དོན་ཐད་ཤུགས་བསྣན།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་ཁྱིམ་གཞིས་ཤོར་བའི་མི་འབུམ་ལྔ་དང་ཁྲི་དྲུག་སྟོང་དྲུག་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པའི་བྲེལ་མྱུར་གནོད་གཡོལ་ཁང་དུ་བསྡད་ཡོད་ན་ཡང་། ཆ་རྐྱེན་རིམ་བཞིན་ཇེ་བཙོག་ཏུ་འགྲོ་བཞིན་ཡོད། ཨ་མེ་རུ་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཐིན་གྱིས་ཚེར་ཉེར་གཅིག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁོས་ཨ་མེ་རུ་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་དུ་དམག་ཤུགས་ཁ་སྣོན་བྱ་རྒྱུའི་བཀའ་བབས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གི་དཔྱད་འཇོག་ཆེས་གསར་བ་ལྟར་ན། ཅ་ཧྲ་ས་ཁུལ་དུ་ཧ་ལམ་མི་ས་ཡ་གཅིག་དང་འབུམ་དྲུག་ལ་གཞིས་ཁྱིམ་མེད་པར་གྱུར་ཡོད་པ་དང་། དེས་ས་ཁུལ་དེའི་མི་གྲངས་ཀྱི་བཅུ་ཆའི་དྲུག་ཡན་ཟིན། དེའི་ཁྲོད་ཧ་ལམ་མི་འབུམ་ལྔ་དང་ཁྲི་དྲུག་སྟོང་དྲུག་མཉམ་འབྲེལ་རྒྱལ་ཚོགས་ཤར་རྒྱུད་ཀྱི་ཕ་ལེ་སི་ཐན་གྱི་ཡུལ་གྱུར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡིས་གཏན་ཁེལ་བྱས་པའི་བྲེལ་མྱུར་གནོད་གཡོལ་བྱེད་ས་རུ་བཀོད་སྒྲིག་བྱས་ཡོད་ན་ཡང་། ཆ་རྐྱེན་ཉིན་རེ་བཞིན་ཇེ་བཙོག་ཏུ་འགྲོ་བཞིན་ཡོད། ཅ་ཧྲ་ས་ཁུལ་གྱི་སྡོད་ཁང་མང་བོར་གཏོར་བརླག་ཐེབས་ཡོད།

ཚེས་ཉེར་གཉིས་ཉིན། མི་ཆོས་རོགས་སྐྱོར་དངོས་ཟོག་འདྲུད་པའི་རླངས་འཁོར་བཅུ་བདུན་ལཱ་ཧྥ་གྲུ་ཁའི་ཨེ་ཅིབ་ཀྱི་ཕྱོགས་ནས་ཅ་ཧྲ་ས་ཁུལ་དུ་ཐོན། དེ་ནི་ཚེར་ཉེར་གཅིག་ཉིན་གྱི་ཚུན་དུ་སྐོར་ཐེངས་གཉིས་པའི་མི་ཆོས་རོགས་སྐྱོར་དངོས་ཟོག་ལཱ་ཧྥ་གྲུ་ཁ་ནས་ཅ་ཧྲ་ས་ཁུལ་དུ་བསྐྱལ་བ་དེ་ཡིན་ལ། ཨེ་ཅིབ་ཀྱི་སྲིད་གཞུང་མིན་པའི་རྩ་འཛུགས་ཨེ་ཅིབ་ཟས་རིགས་དངུལ་ཁང་གི་དང་བླངས་པ་ལཱ་དབྱི་ཏི.ཅཱ་པ་ལིས་ཀྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་རོགས་སྐྱོར་དངོས་ཟོག་ཁྲོད་ཟས་རིགས་དང་སྨན་བཅོས་ཡོ་ཆས། ཆུ། ལྭ་བ་སོགས་ཡོད་པ་དང་། དེ་དག་ཅ་ཧྲ་ས་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཕ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པ་དང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣར་སྤྲོད་རྒྱུ་རེད་ཟེར།

ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེ་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི་སྟོང་བཞི་དང་དྲུག་བརྒྱ་ང་གཅིག་བསད་པ་དང་། མི་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་ཞེ་ལྔ་རྨས། ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་མི་གོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་དྲུག་བརྒྱ་ལྷག་ལ་རྨས་ཕོག་ཟེར།

རིན་ཆེན་མཚོས་བསྒྱུར།