ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀྲེ་ཅུན་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པ་རུ་ཕ་ལེ་སི་ཐན་གནད་དོན་གྱི་ཁའེ་ལའོ་ཞི་བདེའི་རྩེ་ཚོགས་ལ་ཞུགས།
2023.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན།  ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀྲེ་ཅུན་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པ་རུ་ཕ་ལེ་སི་ཐན་གནད་དོན་གྱི་ཁའེ་ལའོ་ཞི་བདེའི་རྩེ་ཚོགས་ལ་ཞུགས།  ཨེ་ཅིབ་དང་ཕ་ལེན་སི་ཐན།   ཁ་ཐར།   པ་ལིན།   མོ་རུ་ཐཱ་ཉི་ཡ།   དབྱིན་ཇི།  ཧྥ་རན་སི།   འཇར་མན།   འཇར་པན།   པ་ཞི།   ཨུ་རུ་སུ་སོགས་རྒྱལ་ཁབ་སོ་གཅིག་གི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ།  ཕྱི་འབྲེལ་དཔོན་ནམ་ཡང་ན་མཐོ་རིམ་འཐུས་ཚབ་དང་དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ།   ཡོ་རོབ་གླིང་མནའ་འབྲེལ་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

ཀྲེ་ཅུན་གྱིས་གཏམ་བཤད་ཁྲོད་དུ་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནས་བབ་ལ་དོ་ཁུར་བྱེད་བཞིན་ཡོད་པ་དང་།   ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མགྱོགས་མྱུར་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒོ་ནས་མི་སེར་དཀྱུས་མ་ཤི་རྨས་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་བར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད།   མི་སེར་དཀྱུས་མར་གནོད་པའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་གཏོང་བཞིན་ཡོད་ལ།   རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱེད་ཐབས་གང་རུང་ལ་ངོ་རྒོལ་དང་།    གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་བའི་དམག་དོན་འགུལ་སྐྱོད་ཡོད་ཚད་མྱུར་དུ་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བགྲོད་ལམ་བཏོད་དགོས་པའི་སྐུལ་མ་བཏང་བ་ཡིན་ཞེས་བསྟན།

ཀྲེ་ཅུན་གྱིས་ནན་གྱིས་བསྟན་དོན།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལུགས་མཐུན་དྲང་གཞག་རྒྱུན་འཁྱོངས་བྱས་ཏེ་བྱེད་ཐབས་བཟང་བོ་འདོན་དགོས།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་ལས་དབང་ཟིལ་ལྡན་པ་དང་སྔར་ལས་ཤུགས་རྐྱེན་ཡོད་པ།  ཁྱབ་རྒྱ་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་བསྡུ་བར་མྱུར་དུ་སྐུལ་འདེད་གཏོང་བ་དང་།  རྒྱལ་སྤྱིའི་ཞི་བདེ་ལ་ཡར་སྐུལ་གཏོང་བའི་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲག་གཞག   ཡུན་རིང་སྒོས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།

                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།