ཧི་ལིས་ཧྥིན་གྱིས་ཁུ་པའི་ཙུང་ལི་གཞོན་པ་དང་ཕྱི་ཚོང་ཕྱི་དངུལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་ཁཱ་པུའུ་ལིས་ས་སི་དང་གྲོས་མོལ་བྱས།
2023.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་ཚེས་ཉེར་གསུམ་ཉིན་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་ནས་ཁུ་པའི་ཙུང་ལི་གཞོན་པ་དང་ཕྱི་ཚོང་ཕྱི་དངུལ་པུའུ་ཀྲང་ཁཱ་པུའུ་ལིས་ས་སི་དང་གྲོས་མོལ་བྱས།

ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུང་གོས་ཁུ་པ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་གཉིས་ཀྱི་ཉོ་ཚོང་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་དངུལ་གཏོང་ཐད་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཟེར།

ཁཱ་པུའུ་ལིས་ས་སི་ཡིས་བསྟན་དོན། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། དུས་རབས་གསར་བའི་ཁུ་པ་དང་ཀྲུང་གོའི་བར་གྱི་དམིགས་བསལ་མཛའ་མཐུན་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

རིན་ཆེན་མཚོས་བསྒྱུར།