ཝང་དབྱི་ཡིས་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁི་ཨིན་ལ་ཁ་པར་བཏང་།
2023.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10བའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁི་ཨིན་ལ་ཁ་པར་བཏང་།

ཁི་ཨིན་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཐབ་འཛིང་ཐད་ཀྱི་ལངས་ཕྱོགས་དང་བདེ་འཇགས་ཐད་ཀྱི་དོ་ཁུར་ངོ་སྤྲོད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། མིག་སྔར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཐབ་འཛིང་གིས་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། དམག་འཁྲུག་དང་ཞི་བདེའི་གདམ་ག་གལ་ཆེན་དང་ཡང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་འཛིང་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དང་དུས་བབ་ཇེ་སྡུག་ཏུ་འགྲོ་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་ལ། འཐབ་འཛིང་གིས་མི་སེར་འབོར་ཆེན་ལ་ཤི་རྨས་ཐེབས་པར་སེམས་སྡུག་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་མི་སེར་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་གཏོང་རྒྱུ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱ་རྒྱུ་ཡིན། རྒྱལ་ཁབ་ཁག་ཚང་མར་རང་སྲུང་དབང་ཆ་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ནས་མི་སེར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། འཕྲལ་མར་སྒྲུབ་དགོས་པའི་བྱ་བ་ནི་དུས་བབ་སྔར་ལས་ཛ་དྲག་ཏུ་མི་འགྲོ་བར་བྱས་ནས་མི་ཆོས་ཀྱི་གནོད་འཚེ་སྔར་ལས་ཚབས་ཆེན་མི་ཡོང་བ་བྱ་རྒྱུ་དེ་རེད།

ཝང་དབྱི་ཡིས་བསྟན་དོན། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཐབ་འཛིང་ཡང་སྐོར་བསྐྱར་སྐོར་བྱས་པའི་བསླབ་བྱ་ལས་ཐུན་མོང་བདེ་འཇགས་ཀྱི་འདུ་ཤེས་བཟུང་ཚེ་ད་གཟོད་རྒྱུན་མཐུད་བདེ་འཇགས་ཡོང་ཐུབ་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཚེ་ད་གཟོད་དབྱི་སི་རལ་ཕྱོགས་ཀྱི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་རྦད་དེ་ཐག་གཅོད་བྱེད་ཐུབ་པ་གསལ་བཤད་གང་ལེགས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཡིན་པས། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་དེང་སྐབས་དང་བུ་རབས་ཚ་རྒྱུད་ཀྱིས་ཞི་བདེ་དང་བདེ་འཇགས་ཀྱི་ཡུན་རིང་ཁེ་ཕན་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་ནས་འགོ་བརྩམས་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་ཡང་དག་པའི་བགྲོད་ལམ་ཐོག་གང་མགྱོགས་ངང་བསྐྱོད་ནས་ཞི་བའི་གྲོས་མོལ་སླར་གསོ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོ་ཞི་བདེ་མཉམ་གནས་ཡོང་བ། ཨ་རབ་དང་ཡིའུ་ཐའེ་མི་རིགས་གཉིས་པོ་ཞི་མཐུན་མཉམ་གནས་ཡོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ལ་ཕ་ལེ་སི་ཐན་གྱི་གནད་དོན་ཐད་སྒེར་ཕན་གང་ཡང་མེད་མོད། འོན་ཀྱང་ཕ་ལེ་སི་ཐན་གྱི་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་ཐོག་ཁྱོན་ཡོངས་དང་དྲང་གཞག་ངང་ཐག་གཅོད་ཐུབ་རྒྱུའི་རེ་བ་ཟོལ་མེད་བཅངས་ཡོད། ཕྱོགས་སོ་སོའི་ལུགས་མཐུན་གྱི་བདེ་འཇགས་ཐད་ཀྱི་དོ་ཁུར་ཡང་འདི་ལ་བརྟེན་ནས་རྩ་བ་ནས་ཐག་གཅོད་བྱེད་ཐུབ་རྒྱུའི་རེ་བ་བཅངས་ཡོད། ཞི་བདེར་ཕན་པ་ཡོད་ཚེ་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་ཞི་བས་འགྲིག་མཐུན་ཡོང་རྒྱུར་ཕན་པ་ཡོད་ཚེ་ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཅི་ཡོད་འདོན་སྲིད།  ཝང་དབྱི་ཡིས་ད་དུང་དབྱི་སི་རལ་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།