མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་འདྲུད་ཐེངས་གསུམ་པ་ཅ་ཧྲ་ས་ཁུལ་དུ་འབྱོར།
2023.10.24 ཁུངས། ཀློག་གྲངས། 0

མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་དྲུད་པའི་འདྲུད་སྐྱེལ་རླངས་འཁོར་ཉི་ཤུ་ཚེས་ཉེར་གསུམ་ཉིན་ལཱ་ཧྥ་གྲུ་ཁ་བརྒྱུད་ནས་ཅ་ཧྲ་ས་ཁུལ་དུ་འབྱོར། དེ་ནི་ཚེས་ཉེར་གཅིག་ཉིན་ནས་བཟུང་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོོགས་སྐྱོར་དངོས་རྫས་འདྲུད་ཐེངས་གསུམ་པ་རེད། 

ཕ་ལེ་སི་ཐན་གྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐེངས་གསུམ་པའི་རོགས་སྐྱོར་དངོས་རྫས་ནང་དུ་སྨན་བཅོས་མཁོ་དངོས་དང་འཕྲལ་བསྟུན་སྨན་རྫས། ཟ་མ་དང་ཆུ་བཅས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཕ་ལེ་སི་ཐན་ཡུལ་གྱར་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡིས་དངོས་རྫས་ལྟ་སྐུལ་དང་འདྲུད་སྐྱེལ་བྱེད་པར་འགན་འཁུར་ཡོད་ཟེར། 

ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ད་ལྟའི་བར་དུ་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དྲུད་ཡོང་བ་དེ་ཙམ་གྱིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་ཡོངས་སུ་བསྐང་ཐབས་བྲལ་འདུག་ཟེར་ལ། ཧ་མ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཅ་ཧྲ་ས་ཁུལ་དུ་དུས་ཡུན་རིང་བོར་མི་ཆོས་རིང་ལུགས་ཀྱི་ལམ་འབྱེད་དགོས་པའི་འབོད་སྐུལ་བཏང་། 

ཚེས་ཉེར་གཅིག་ཉིན། ཐོག་དང་པོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དྲུད་པའི་རླངས་འཁོར་ལཱ་ཧྥ་གྲུ་ཁའི་ཨེ་ཅིབ་ཀྱི་འགྲམ་ངོགས་བརྒྱུད་ནས་ཅ་ཧྲ་ས་ཁུལ་དུ་སླེབས། 

ཨེ་ཅིབ་བྱང་ཕྱོགས་ཀྱི་ཞིས་ནེ་ཞིང་ཆེན་སྲིད་གཞུང་གིས་ཚེས་ཉེར་གསུམ་ཉིན་གསལ་བསྒྲགས་སྤེལ་ནས། ཟླ་འདིའི་ཚེས་བཅུ་གཉིས་ཉིན་ནས་བཟུང་། ཆེས་ཉུང་ནའང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བརྩིགས་པའི་གནམ་གྲུ་ཉེར་བདུན་ཞིས་ནེ་གླིང་ཕྲན་བྱང་ཕྱོགས་ཀྱི་ཨ་ལིས་ཧྲིན་གནམ་གྲུ་ཐང་དུ་བབས་ཡོད། ཨེ་ཅིབ་ཟླ་གསར་དམར་པོ་ཚོགས་པས་དངོས་རྫས་དེ་དག་བསྡུ་ལེན་གྱི་འགན་འཁུར་ནས། ཨ་ལིས་ཧྲིན་གྱི་མཛོད་ཁང་ནང་ཉར་ཏེ། ཅ་ཧྲ་ས་ཁུལ་དུ་སྐྱེལ་རྩིས་ཡིན་ཟེར། དངོས་རྫས་དེ་དག་རྒྱལ་ཁབ་མང་བོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནས་འབྱོར་བ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཨེ་ཅེབ་ཀྱི་ཨ་ལིས་ཧྲིན་གནམ་གྲུ་ཐང་དང་ལཱ་ཧྥ་གྲུ་ཁ་གཉིས་ནི་ཅ་ཧྲ་ས་ཁུལ་གྱི་མི་དམངས་ཀྱི་ཚེ་སྲོག་གི་འགག་སྒོ་ཡིན་པས། ཅ་ཧྲ་ཕྱོགས་སུ་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་བགྲོད་ལམ་འབྱེད་པར་ཚོད་འཛིན་བྱ་མི་རུང་ཟེར། 

དབྱི་སི་རལ་དང་ཕ་ལེ་སི་ཐན་བར་དུ་ཚེས་བདུན་ཉིན་དམག་དོན་གདོང་ཐུག་བྱུང་ནས། ད་ལྟའི་བར་དུ་མི་སྣ་འབོར་ཆེན་ཤི་རྨས་བཟོས། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས་མི་སྟོང་ལྔ་དང་གྱ་བདུན་ལྷག་བསད་ལ། མི་ཁྲི་གཅིག་དང་ལྔ་སྟོང་ཉིས་བརྒྱ་དོན་གསུམ་རྨས་ཟེར། 

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།