ཝང་དབྱི་ཡིས་ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་ཁ་པར་བཏང་།
2023.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10པའི་ཚེས23ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།   ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ལི་ཅི་ལ་ཁ་པར་བཏང་།

མཱ་ལི་ཅི་ཡིས་ཕ་ལེ་སི་ཐན་ཕྱོགས་ཀྱི་ལངས་ཕྱོགས་མཚམས་སྦྱོར་བྱས།

ཝང་དབྱི་ཡིས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་དང་ལྷག་པར་དུ་ཅ་ཧྲ་མི་དམངས་ཀྱི་དཀའ་སྡུག་གི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད།   ཀྲུང་གོ་ཕྱོགས་ཀྱིས་མི་སེར་དཀྱུར་མར་གནོད་འཚེ་གཏོང་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་གཏོང་བ་དང་ངོ་རྒོལ་བྱེད་བཞིན་ཡོད་ལ།  འཁྲུག་རྩོད་མྱུར་དུ་མཚམས་བཞག་ནས་ཅ་ཧྲ་མི་དམངས་ཀྱི་གཞི་རྩའི་འཚོ་གནས་ཆ་རྐྱེན་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།    མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་བ།   རྒྱལ་ཁབ་གཞན་པ་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོ་དག་གིས་ལུགས་མཐུན་དྲང་བཞག་སྲུང་འཛིན་བྱས་ཏེ་ཉེན་ཁ་ཇེ་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་འོས།

ཝང་དབྱི་ཡིས་བསྟན་དོན།    མིག་སྔར་ཅ་ཧྲའི་མི་དམངས་ལ་ཆེས་དགོས་གལ་ཆེ་བ་ནི་བདེ་འཇགས་དང་ཟས་རིགས་སྨན་རྫས་ཡིན་པ་ལས་འཐབ་འཁྲུག་དང་མཚོན་ཆ་མདེལ་རྫས་མིན།   ཅ་ཧྲ་ས་ཁུལ་ལ་མཁོ་བ་ནི་དམག་འཁྲུག་མཚམས་བཞག་ནས་ཞི་བདེ་ལ་ཡར་སྐུལ་བྱེད་རྒྱུ་ལས་ས་འབྲེལ་གྱི་ཆབ་སྲིད་ལྐོག་གཡོ་མིན།  ཀྲུང་གོ་ཕྱོགས་ཀྱིས་སོ་སོར་ཕ་ལེ་སི་ཐན་གྱི་མི་རིགས་དབང་ཤུགས་ལས་ཁུངས་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ལ་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པར་མ་ཟད།   ད་རུང་ཅ་ཧྲ་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་མུ་མཐུད་དུ་རོགས་སྐྱོར་དངོས་རྫས་འདོན་སྤྲོད་བྱེད་ངེས།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན།   ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པའི་བྱེད་ཐབས་བཟང་ཤོས་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱས་ཏེ་ཕ་ལེ་སི་ཐན་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་རྒྱལ་འཛུགས་དབང་ཆ།   ཕྱིར་ལོག་དབང་ཆ་མངོན་འགྱུར་བྱེད་རྒྱུ་དེ་ཡིན།   ཀྲུང་གོ་ཕྱོགས་ཀྱིས་མགྱོགས་མྱུར་ངང་སྔར་ལས་དབང་ཟིལ་ལྡན་པ་དང་ཁྱབ་རྒྱ་སྔར་ལས་ཆེ་བ།   ཕན་ནུས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་བསྡུས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་སྔ་མོ་ནས་ཞི་བདེའི་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། དེར་དམིགས་ནས་བྱེ་བྲག་གི་དུས་ཚོད་རེའུ་མིག་དང་ལམ་ཐིག་པར་རིས་གཏན་འཁེལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན།   ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་འཁྲུག་རྩོད་མཚམས་བཞག་ནས་ཞི་བདེ་སླར་གསོ་བྱེད་པར་རེ་བཞིན་ཡོད།   ང་ཚོ་མུ་མཐུད་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་གི་ཕྱོགས་སུ་ལངས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག ཡུན་རིང་སྒོས་ཐག་གཅོད་པར་འབད་འཐབ་ལྷོད་མེད་བྱེད་ངེས་ཡིན།

                                                            ལྷ་མོ་ཚེ་རིང་གིས་བསྒྱུར།