ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི། མཛའ་མཐུན་་ཟོལ་མེད་དང་ཕན་འདོགས་ཁོང་ཡངས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་ནས་ལོ་བཅུ་འགོར་བར་རྗེས་དྲན་བྱེད་པའི་རྒྱལ་སྤྱིའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུརཞུགས་སྐབས་བཤད་རྒྱུར། ཀྲུང་གོས་ནམ་ཡང་མཛའ་མཐུན་ཟོལ་མེད་དང་ཕན་འདོགས་ཁོང་ཡངས་ཀྱི་འདུ་ཤེས་སྲུང་འཛིན་བྱས་ཏེ། ཁྱིམ་མཚེས་ལ་བྱམས་པ་དང་། ཁྱིམ་མཚེས་གྲོགས་པོར་བརྩིས་ནས་ཕན་ཚུན་འགྲིག་མཐུན་དང་བདེ་འཇགས། ཕྱུག་འགྱུར་བཅས་ཡོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཐའ་འཁོར་རྒྱལ་ཁབ་དང་བརྩེ་བའི་མཉམ་ལས་དང་ཁེ་ཕན་མཉམ་སྲེས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡག་པོར་བསྐྲུན་རྒྱུ་ཡིན་ཟེར། ཁོས་དོན་དེའི་ཐད་ནས་བསམ་ཚུལ་བཞི་བཏོན།
གཅིག་ནི་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་དཔེ་སྟོན་ཁུལ་བསྐྲུན་དགོས། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་པོ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་སྒྲིག་སྲོལ་ཚད་གཞིའི་འབྲེལ་མཐུད་ཤུགས་དྲག་ཏུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་ས་གནས་དང་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁུལ་ཁོངས་དཔལ་འབྱོར་གྱི་འཁོར་རྒྱུག་གེགས་མེད་དང་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། ས་གནས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
གཉིས་ནི་ཐུན་མོང་འཕེལ་རྒྱས་ཡོང་ཐབས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་སྔོན་ལ་ལག་བསྟར་བྱེད་མཁན་དུ་འགྱུར་བར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མྱུར་དུ་དངོས་འབེབས་བྱས་ཏེ། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་པ་དང་། དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཉོ་ཚོང་མཉམ་ལས་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ། གཞི་གྲངས་དཔལ་འབྱོར་དང་། ལྷད་མེད་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར་མཉམ་ལས་བཅས་རྒྱ་བསྐྱེད་ནས། མཉམ་ལས་འཕར་གཞི་གསར་བ་གསོ་སྐྱོང་བྱེད་དགོས།
གསུམ་ནི་སེམས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་བདེ་འཇགས་གྲོས་གཞིའི་ཚོད་ལྟ་ཁུལ་བསྐྲུན་དགོས། རྒྱལ་ཁབ་སོ་སོས་རང་བདག་གིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱས་ཏེ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་འཇམ་འཐབ་བསམ་བློར་ངོ་རྒོལ་བྱས་ནས། མཐའ་མཚམས་གདོངགཏུག་གི་སྐྱོ་གར་འབྱུང་བར་བཀག་འགོག་བྱེད་དགོས། ལོ་རྒྱུས་ཀྱིས་བཞག་པའི་རྩོད་གཞིའི་གནད་དོན་ཐད་ནས། ཀྲུང་གོས་གྲོས་མོལ་ལ་བརྟེན་ནས་འདྲ་མཉམ་དྲང་བཞག་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། ཨེ་ཤ་ཡ་ཐུན་མོང་བདེ་འཇགས་ཀྱི་ལམ་དུ་བསྐྱོད་རྒྱུར་འཐད་པ་ཡིན།
བཞི་ནི་ཨེ་ཤ་ཡའི་རིན་ཐང་རྒྱུན་འཛིན་བྱས་ཏེ། འཛམ་གླིང་དཔལ་ཡོན་གྲོས་གཞིའི་ལག་བསྟར་ཁུལ་ཐོག་མ་བསྐྲུན་དགོས། ཡུན་རིང་གི་ལོ་རྒྱུས་དང་སྣ་མང་རིག་གནས་ཁྲོད་ཀྱི་བློ་གྲོས་བསྡུ་ལེན་བྱས་ཏེ། ཞི་བདེ་དང་། མཉམ་ལས། བཟོད་སྒོམ། མཉམ་བསྲེས་བཅས་དཀྱིལ་སྙིང་དུ་འཛིན་པའི་ཨེ་ཤ་ཡའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་དགོས། ཉིས་སྟོང་ཉེར་བཞི་ལོར་སྤེལ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་བརྗེ་རེས་ལོ་སོགས་བྱ་འགུལ་རབ་དང་རིམ་པ་གོ་སྐབས་སུ་བྱས་ཏེ། ས་གནས་དང་རྒྱལ་ཁབ་ཀྱི་མི་ཆོས་བརྗེ་རེས་རྒྱ་བསྐྱེད་དགོས། ལུས་རྩལ་དང་རིག་མཛོད། སྨྱན་བྱད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་སྤེལ་དང་། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཕན་ཚུན་ཆ་རྒྱུས་ཡོད་པར་བྱེད་པ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྨང་རྡོ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།