ཉིས་སྟོང་ཉེར་གསུམ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཡུལ་སྐོར་པུའུ་ཀྲང་གི་གྲོས་ཚོགས་བསྡུས།
2023.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན། ཉིས་སྟོང་ཉེར་གསུམ་ལོའི་གསེར་གྱོམ་རྒྱལ་ཁབ་ཡུལ་སྐོར་པུའུ་ཀྲང་གི་གྲོས་ཚོགས་ཨ་ཧྥེ་རི་ཁ་ལྷོ་མའི་ཁེ་ཕུའུ་ཏུན་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་དེ་ཨ་ཧྥེ་རི་ཁ་ལྷོ་མའི་ཡུལ་སྐོར་པུའུ་ཀྲང་ཏི་ལི་ལའེ་ཡིས་མགོ་འཛིན་བྱས་ཤིང་། ཀྲུང་གོ་དང་། པ་ཞི། ཨུ་རུ་སི།  རྒྱ་གར་སོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཡུལ་སྐོར་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས། གསེར་གྱོམ་རྒྱལ་ཁབ་བར་གྱི་ཡུལ་སྐོར་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་ནང་དོན་དམིགས་སུ་བཟུང་ནས་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་དབྱིན་ཁྲོན་གྱིས་གཏམ་བཤད་སྐབས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞིས་གསེར་གྱོམ་རྒྱལ་ཁབ་བར་གྱི་ཡུལ་སྐོར་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསར་བ་གསལ་སྟོན་བྱས་ཡོད་ལ། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོའི་གཙོ་དོན་གསུང་བཤད་ཁྲོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཟླ་གྲོགས་འབྲེལ་བ་དང་དཔལ་ཡོན་གླེང་གཞི་གཏིང་ཟབ་ཏུ་གཏོང་དགོས་པ་ནན་གྱིས་གསུངས་ཡོད། ན་ནིང་པེ་ཅིང་དུ་བཀོད་པའི་ཉིས་སྟོང་ཉེར་གཉིས་ལོའི་གསེམ་གྱོམ་རྒྱལ་ཁབ་ཀྱི་ཡུལ་སྐོར་པུའུ་ཀྲང་གི་གྲོས་ཚོགས་སྤྱི་བསྒྲགས་ཀྱི་མཛུབ་སྟོན་འོག  ལོ་གཅིག་གི་དུས་ཚོད་ནང་། གསེར་གྱོམ་རྒྱལ་ཁབ་ཀྱིས་བཟོད་སྒོམ་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཡུལ་སྐོར་ཟླ་གྲོགས་འབྲེལ་བ་འཛུགས་པར་སྟོབས་ཤུགས་གང་ཡོད་ཕུལ་བར་མ་ཟད། མཉམ་དུ་གསེམ་གྱོམ་རྒྱལ་ཁབ་ཀྱི་ཡུལ་སྐོར་བརྗེ་རེས་མཉམ་ལས་སྤུས་ཚད་སྔར་ལས་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ལུའུ་དབྱིན་ཁྲོན་གྱིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་པར་སོ་སོའི་བྱེད་ཐབས་ཡོད་ལ། འགག་སྒྲོལ་དཀའ་སེལ་དང་། ཡུལ་སྐོར་ལས་རིགས་བསྐྱར་དར་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་སྟེང་སོ་སོའི་ཐབས་བཀོད་ལྡན་པས། འཛམ་གླིང་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཡུལ་སྐོར་གྱི་སྟོབས་ཤུགས་དང་བསྟུན་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། དམངས་སེམས་གཅིག་མཐུན་ཡིན་པའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་པ་དང་།  རིམས་ནད་རྗེས་སུ་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་ངེས་ཡིན།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་གཅིག་གྱུར་གྱིས་བལྟས་ན། ཡུལ་ཁོངས་བརྒལ་བའི་ཡུལ་སྐོར་གྱིས་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། དད་མོས་མི་འདྲ་བའི་མི་རྣམས་ལ་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་གོ་སྐབས་ཤིག་བསྐྲུན་ནས། ཕྱོགས་རིས་བྲལ་བར་བྱེད་པ་དང་ཐུན་མོང་འདུ་ཤེས་ཆགས་པར་རོགས་རམ་གྱི་ནུས་པ་ཐོན་བཞིན་ཡོད་པས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་ཐུབ། ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བརྩིས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་ཡུལ་སྐོར་ཟླ་གྲོགས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། རིམས་ནད་རྗེས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་། སྤྱི་ཚོགས་དཔལ་འབྱོར་སླར་གསོ། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་དགོས། ཚོགས་ཞུགས་འཐུས་མིས་དམིགས་བསལ་གྱིས་བསྟན་དོན། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ལ་ཁོངས་མི་གསར་བ་ཞུགས་པ་དེས། རྒྱལ་ཁབ་སོ་སོས་ཡུལ་སྐོར་མཚོན་བྱེད་དུ་བྱས་པའི་མི་ཆོས་བརྗེ་རེས་ཁྱབ་ཁོངས་ཀྱི་འདྲ་མཉམ་བརྗེ་རེས་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་སྔར་ལས་གཏིང་ཟབ་ཏུ་གཏོང་ཐུབ།

གྲོས་ཚོགས་ཀྱི་རྗེས་སུ། ལུའུ་དབྱིན་ཁྲོན་གྱིས་ཀྲུང་གོ་ཕྱོགས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་བཞིའི་བར་གྱི་ཉིས་སྟོང་ཉེར་གསུམ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཡུལ་སྐོར་པུའུ་ཀྲང་གི་གྲོས་ཚོགས་སྤྱི་བསྒྲགས་ལ་མཉམ་དུ་མིང་བཀོད།

ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་བྱེད་སྐབས། ལུའུ་དབྱིན་ཁྲོན་ཨ་ཧྥེ་རི་ཁ་ལྷོ་མའི་ཡུལ་སྐོར་པུའུ་ཀྲང་ཏི་ལི་ལའེ་དང་། སི་ཐེ་ལོན་པོ་སིའི་ཡུལ་སྐོར་ཅུའུ་ཀྲང་མིན་པོ་ཀི་གཉིས་ལ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དང་། ཡུལ་སྐོར་འགྲེམ་སྤེལ། ཆེད་ལས་མི་སྣའི་གསོ་སྦྱོང་སོགས་ཀྱི་མཉམ་ལས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཨ་ཧྥེ་རི་ཁ་ལྷོ་མའི་རིག་གནས་ལོ་རྒྱུས་རྟེན་མཛོད་ཁང་དང་། ཧོ་ཝང་ཁྲིན་པོ་རྟེན་མཛོད་ཁང་སོགས་རིག་གནས་རྟེན་མཛོད་ལས་ཁུངས་ལ་རྟོག་ཞིབ་བྱས།


                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།