ཝུའུ་ཁི་ལན་གྱིས་མཚོ་ནག་བརྒྱུད་ནས་འབྲུ་རིགས་ཏུན་འབུམ་བདུན་དབོར་འདྲེན་བྱས་ཡོད་ཅེས་བཤད།
2023.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཚེས23ཉིན་ཝུའུ་ཁི་ལན་ཞིང་ལས་སྲིད་ཇུས་དང་འབྲུ་རིགས་པུའུ་ཡིས་བཤད་རྒྱུར། ད་ལོའི་ཟླ་བརྒྱད་པའི་བར་ཝུའུ་ཁི་ལན་གྱིས་མཚོ་ནག་བརྒྱུད་ནས་འབྲུ་རིགས་ཏུན་འབུམ་བདུན་ཙམ་དབོར་འདྲེན་བྱས་ཟེར། ཝུའུ་ཁི་ལན་ཞིང་ལས་སྲིད་ཇུས་དང་འབྲུ་རིགས་པུའུ་ཡིས་ཚེས་ཉེར་གསུམ་ཉིན་པུའུ་ཀྲང་ཉི་ཀུའུ་ལ·སུའོ་ལི་སི་ཅི་ཡི་སྐད་ཆ་དྲངས་ནས་མཚོ་ནག་བར་ཁྱམས་གསར་བ་བཀོལ་སྤྱོད་བྱེད་པའི་རིང་ལ་གྲུ་གཟིངས་སོ་བརྒྱད་གྲུ་ཁར་འབྱོར་བ་དང་གྲུ་གཟིངས་སུམ་ཅུ་ལྷག་གྲུ་ཁ་དང་བྲལ་ཡོད། འོན་ཀྱང་གྲུ་གཟིངས་ཚང་མས་འབྲུ་རིགས་བསྐྱལ་ཡོད་པ་མིན་ལ། ང་ཚོས་འབྲུ་རིགས་ཏུན་འབུམ་བདུན་ཙམ་ཕྱིར་གཏོང་བྱེད་ཐུབ་ཡོད་ཅེས་བཤད།

ན་ནིང་གི་ཟླ་གཉིས་པར་ཨུ་རུ་སིས་ཝུའུ་ཁི་ལན་ལ་དམིགས་བསལ་གྱི་འགུལ་སྐྱོད་སྤེལ་བ་དང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མནའ་གྲོགས་ཀྱིས་བསྟུད་མར་ཨུ་རུ་སིར་བཀག་སྡོམ་ཐེངས་མང་བྱས། ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་ཐོན་རྫས་དང་ལུད་རྫས་སོགས་ཕྱིར་གཏོང་བྱ་རྒྱུར་ཤུགས་རྐྱེན་ཐེབས་ཡོད། ན་ནིང་གི་ཟླ་བདུན་པར་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་གནད་དོན་ཐད་ནས་ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་བར་དུས་ཡུན་ཉིན་བརྒྱ་དང་ཉི་ཤུ་ཡིན་པའི་གྲོས་མཐུན་བཞག་པ་དང་། དེ་དང་ཆབས་ཅིག་ཨུ་རུ་སིས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་ཨུ་རུ་སིའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་སྐོར་གྱི་བཟོད་སྒོམ་བརྗེད་ཐོར་མིང་རྟགས་བཀོད་ནས་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་བདེ་བླག་ངང་འཛམ་གླིང་གི་ཁྲོམ་རར་ཞུགས་རྒྱུའི་འགན་ལེན་བྱས་པ་རེད།

མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་གྲོས་མཐུན་གྱི་གོ་ཆོད་དུས་ཚོད་དེ་ཐེངས་གསུམ་ཕྱིར་སྣུར་བྱས་པ་དང་འདི་ནི་ད་ལོའི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་དུས་ཚོད་ལ་ཐོན་ཡོད་པ་རེད། ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་ཐོན་རྫས་ཕྱིར་གཏོང་ལ་འགན་ལེན་བྱ་རྒྱུའི་སྐོར་གྱི་གྲོས་མཐུན་དོན་འཁྱོལ་བྱེད་ཐུབ་མེད་པས། ཨུ་རུ་སི་ཕྱོགས་ཀྱིས་གྲོས་མཐུན་མུ་མཐུད་ཕྱིར་སྣུར་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་དེའི་རྗེས་གསལ་བསྒྲགས་སྤེལ་ནས་གྲོས་མཐུན་དོན་འཁྱོལ་བྱ་ཆེད་བཏོན་པའི་མཚོ་ཐོག་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བསྐྲུན་ཟིན་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་མཚོ་ནག་བརྒྱུད་ནས་ཝུའུ་ཁི་ལན་གྲུ་ཁར་བཏང་བའི་གྲུ་གཟིངས་ཚང་མ་མངོན་མེད་ཀྱི་དམག་སྤྱོད་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་སུ་བརྩི་གི་ཡོད་ཅེས་བཤད།