ཀྲུང་གོའི་དམག་མི་ཉུང་འཕྲིའི་གཞུང་ཚབ་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞི་བདེའི་ངང་ཚན་རྩལ་བེད་སྤྱོད་བྱེད་པ་སོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་བཏང་། 
2023.10.25 ཁུངས། ཀློག་གྲངས། 0

ཀྲུང་གོའི་དམག་མི་ཉུང་འཕྲིའི་གཞུང་ཚབ་ཆེན་མོ་ཧྲིན་ཅན་གྱིས་ཚེས་ཉེར་བཞི་ཉིན་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་དམག་མི་ཉུང་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་རྒྱལ་སྤྱིའི་བདེ་འཇགས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་ཞི་བདེའི་ངང་བེད་སྤྱོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་མཉམ་དུ་འདོན་མཁན་གྱི་རྒྱལ་ཁབ་ཉེར་བཞི་དང་མཉམ་དུ་གཏམ་བཤད་སྤེལ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞི་བདེའི་ངང་ཚན་རྩལ་བེད་སྤྱོད་བྱེད་པ་སོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧྲིན་ཅན་གྱིས་བཤད་རྒྱུར། མཉམ་འབྲེལ་གྲོས་ཚོགས་ཀྱིས་ཞི་བདེའི་ངང་ཚན་རྩལ་བེད་སྤྱོད་བྱེད་པའི་གྲོས་ཆོད་བཀོད་ནས་ལོ་གཉིས་འགོར་བའི་རིང་ལ། གྲོས་ཆོད་དེ་འདོན་མཁན་གྱི་རྒྱལ་ཁབ་དག་གིས་ཞི་བདེའི་དམིགས་ཡུལ་ཐད་བཀོལ་བའི་ཚན་རྩལ་དང་སྒྲིག་ཆས། རྒྱུ་ཆ་་བཅས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཟབ་ཞུགས་རྒྱ་ཆེར་བྱེད་པ་ནི་རྒྱལ་སྤྱིའི་རྩ་ཁྲིམས་ཀྱིས་བསྩལ་བའི་རྒྱལ་ཁབ་སོ་སོས་འཕྲོག་མི་ཆོག་པའི་ཁེ་དབང་ཡིན་པ་བསྐྱར་བསྒྲགས་བྱས་ཡོད། དུས་རབས་གསར་བའི་རྒྱབ་ལྗོངས་འོག་ཏུ། ཞི་བདེའི་ངང་ནས་ཚན་རྩལ་བཀོལ་སྤྱོད་བྱེད་པ་དེས་རྒྱལ་ཁབ་སོ་སོ་དང་། ཁྱད་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་པའི་གལ་ཆེན་རང་བཞིན་ཉིན་རེར་མངོན་གསལ་རེད། དུས་མཉམ་དུ། ཚན་རྩལ་ཡར་ཐོན་གྱིས་འཛམ་གླིང་ཧྲིལ་བོའི་བདེ་འཇགས་ལ་མངོན་ཆུང་གི་ཤུགས་རྐྱེན་ཐེབས་བཞིན་པར་སྣང་ཆུང་བྱེད་མི་རུང་། ཇུས་འདོན་རྒྱལ་ཁབ་དག་གིས་རྒྱལ་ཁབ་སོ་སོས་ཞི་བདེ་ལ་ཡར་སྐུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་མང་མཉམ་གཉིས་ཀྱི་ངོས་ནས་ཡར་རྒྱས་ཡོང་བར་འབད་པ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཞི་བདེའི་ངང་ནས་ཁེ་དབང་བེད་སྤྱོད་བྱེད་པར་སྔར་བཞིན་ཚད་བརྒལ་གྱི་ཚོད་འཛིན་ཐེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་ནས། ཞི་བདེའི་ངང་ནས་ཚན་རྩལ་བེད་སྤྱོད་བྱེད་པའི་ཇུས་ཆོད་ཕན་ཡོད་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཞི་བདེའི་ངང་ནས་ཚན་རྩལ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། 

རྒྱལ་སྤྱིའི་བདེ་འཇགས་ཁྱབ་ཁོངས་སུ་ཞི་བདེའི་ངང་རྒྱལ་སྤྱིའི་མཉམ་ལས་བེད་སྤྱོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེ་ཀྲུང་གོས་གཙོ་བོར་བཏོན་ཞིང་། ཨུ་རུ་སི་དང་ཕ་ཁུ་སི་ཐན་སོགས་རྒྱལ་ཁབ་ཉི་ཤུ་ལྷག་གིས་མཉམ་དུ་གྲོས་འདོན་བྱས་པ་རེད། གྲོས་ཆོད་ཀྱིས་ཚན་རྩལ་དང་རྒྱལ་སྤྱིའི་འབྲེལ་ཡོད་མཉམ་ལས་ཞི་བདེའི་ངང་བེད་སྤྱོད་བྱེད་པ་དེས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ལ་ཐོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཤིང་། རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་འོས་འགན་ཁུར་དུ་བླངས་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཞི་བདེའི་ངང་ནས་ཚན་རྩལ་བེད་སྤྱོད་བྱེད་པར་ལུགས་མཐུན་མིན་པའི་ཚོད་འཛིན་མི་ཐེབས་པར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། གྲོས་ཆོད་དེར་སྐབས་དོན་དྲུག་པ་དང་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་དུ་བསྟུད་མར་ཆོག་མཆན་དང་རྒྱབ་སྐྱོར་ཆེན་པོ་ཐོབ། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།