ཀྲུང་གོའི་འཐུས་མིས་བུད་མེད་ཀྱི་གོང་འཕེལ་ཐད་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
2023.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་ཚེས25ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་བུད་མེད་དང་། ཞི་བདེ། བདེ་འཇགས་བཅས་ཀྱི་གནད་དོན་ཡོངས་བསྒྲགས་རྩོད་གླེང་གྲོས་ཚོགས་སྟེང་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གནད་དོན་གཙོ་ཤས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་མྱུར་དུ་སྐུལ་འདེད་བཏང་སྟེ། བུད་མེད་ལ་གནོད་པ་མི་ཐེབས་པར་ཁག་ཐེག་བྱེད་པ་དང་། བུད་མེད་ཀྱི་བདེ་སྣང་ཇེ་དྲག་ཏུ་བཏང་ནས། བུད་མེད་ཀྱི་གོང་འཕེལ་ཐད་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཀིན་ཧྲོང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སྙན་ཞུ་གསར་བར་བལྟས་ན། འཛམ་གླིང་གི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་ནི་ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པར་བཀག་འགོག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་འདོད།  དབུས་ཤར་ས་ཁུལ་དུ། དམག་འཁྲུག་བྱུང་ནས་མི་བདུན་སྟོང་ལྷག་གི་ཚེ་སྲོག་འཕྲོག་པ་དང་དེའི་ཁྲོད་དུ་མང་ཆེ་བ་བུད་མེད་དང་བྱིས་པ་རེད། ཧྥེ་གླིང་དང་ལ་ཏེན་མེ་གླིང་དུ། འཇིགས་སྐུལ་རིང་ལུགས་དང་། དྲག་ཤུགས་འཁྲུག་རྩོད། ནག་ཚོགས་ཀྱི་དྲག་ཤུགས་སོགས་རྐྱེན་གྱིས་བུད་མེད་དང་བྱིས་པར་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁུར་འོས་པའི་འགན་འཁྲི་ཕྲག་ཏུ་བླངས་ནས། མིག་སྔའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཉེན་ཚབས་ལ་དམིགས་ཏེ་འགན་ཁུར་བ་དང་། དོན་སྙིང་ཡོད་པའི་ཐུན་མོང་གི་འགུལ་སྐྱོད་སྤེལ་ཏེ། དམག་འཁྲུག་མྱུར་དུ་མཚམས་འཇོག་པར་སྐུལ་འདེད་བཏང་ནས། བུད་མེད་དང་བཅས་པའི་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དོན་ལྡན་བྱེད་དགོས་ཟེར།

ཀིན་ཧྲོང་གིས་བཤད་རྒྱུར། ཀྲུང་གོས་དམག་འཁྲུག་རྒྱག་པའི་ས་ཁུལ་ནས་དཔའ་ངར་ཆེར་སྐྱེད་ཀྱིས་ཡར་ལངས་ཐུབ་པའི་བུད་མེད་དག་ལ་གོང་བཀུར་བྱེད་པ་མ་ཟད། ཁོ་མོ་ཚོས་རང་གི་ཉེར་ཁར་མ་འཛེམ་པར་ཧུར་ཐག་གིས་འདུམ་སྒྲིག་ལ་ཞུགས་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པར་ཕོ་མོ་འདྲ་མཉམ་གྱི་ལྟ་བ་ཞི་བདེ་ཡི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ནས། བུད་མེད་ཀྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱས་ཏེ། བུད་མེད་འདྲ་མཉམ་གྱིས་འདུམ་སྒྲིག་གྲོས་བསྡུར་ལ་ཞུགས་པའི་བཀག་རྒྱ་སེལ་ནས། ཁོ་མོ་ཚོར་སྔར་ལས་མང་བའི་ཟབ་ཞུགས་དབང་ཆ་དང་ཇུས་ཆོད་དབང་ཆ་སྟེར་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཀིན་ཧྲོང་གིས་བཤད་རྒྱུར། བུད་མེད་ཀྱི་དཔལ་འབྱོར་ཁེ་དབང་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་དགོས། འདི་ལྟར་སྒྲུབ་པ་ནི་ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན་ལ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ནང་གནས་དགོས་མཁོའང་ཡིན། གོང་འཕེལ་ནི་གནད་དོན་ཡོད་ཚད་ཐག་གཅོད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན་ལ། བུད་མེད་ཀྱི་གོ་གནས་ཇེ་མཐོར་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱིས་ཞི་བདེ་ལ་སྐུལ་བའི་འདུ་ཤེས་དངོས་འབེབས་མཐའ་འཁྱོལ་བྱས་ཏེ། འཕེལ་རྒྱས་རྨང་གཞིར་བྱས་པའི་བུད་མེད་ཀྱི་ཁེ་དབང་མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་ནས། བུད་མེད་ཀྱིས་རང་སྟེང་གི་ནུས་པ་ཇེ་ཆེར་གཏོང་བར་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས།

ཀིན་ཧྲོང་གིས་བཤད་རྒྱུར། བུད་མེད་དང་། ཞི་བདེ། བདེ་འཇགས་བཅས་ཀྱི་གྲོས་རིམ་དམ་བཅའ་མྱུར་དུ་དོན་འཁྱོལ་བྱེད་དགོས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལག་དང་རྒྱལ་སྤྱི་དང་ས་གནས་ཟླ་གྲོགས་ཡོངས་ཀྱིས་ཁ་དན་ཚིག་གནས་བྱེད་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་དང་། གསར་སྤེལ་འཆར་འགོད་ཧྲུའུ་སོགས་ལས་ཁུངས་བར་དུ་བུད་མེད་ལས་དོན་འཕེལ་རྒྱས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཇུས་གཞི་བཀོད་ནས། བུད་མེད་འཕྲད་པའི་དབུལ་ཕོངས་དང་། མཐོང་ཆུང་། དྲག་སྤྱོད། གཞི་གྲངས་འགལ་རྐྱེན་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱེད་པར་འཐད་པ་ཡིན་ཟེར། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགལ་ཟླ་ས་ཁུལ་བསྐྱར་འཛུགས་བྱེད་པར་རོགས་རམ་ཧུར་ཐག་བྱེད་དགོས་ལ། སྨན་བཅོས་དང་སློབ་གསོ། སྦྱོང་བརྡར་སོགས་ཁྱབ་ཁོངས་ལ་ནུས་ཤུགས་གང་ཡོད་བཏོན་ནས། བུད་མེད་ཀྱི་གནས་བབ་ལེགས་བཅོས་བྱེད་དགོས་པར་མ་ཟད། ལྷོ་བྱང་མཉམ་ལས་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས། ཕྱོགས་གསུམ་གྱི་མཉམ་ལས་སོགས་ལ་ཤུགས་སྣོན་པ་དང་།  མ་དངུལ་དང་། འཇོན་མི། ལག་རྩལ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་དར་ཁྱབ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོའི་བུད་མེད་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།