སི་ལོ་ཧྥ་ཁིའི་ཙུང་ཐུང་ཆ་ཕུའུ་ཐོ་ཝ་ཡིས་ཚེས25ཉིན་ཁ་ཕྱོགས་ཏང་གི་མགོ་ཁྲིད་ལོ་པོ་ཐི་ཧྥེ་ཙོ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་ལ་བསྐོ་འཇོག་བྱས། འདི་ནི་ཧྥེ་ཙོ་ཡིས་རྒྱལ་ཁབ་སྲིད་གཞུང་གི་ཙུང་ལི་ཡི་འགན་ཁུར་ཐེངས་བཞི་པ་རེད།
ཧྥེ་ཙོ་ཡིས་མགོ་ཁྲིད་པའི་ཁ་ཕྱོགས་ཏང་ལ་ད་ལོའི་ཟླ9པའི་ཚེས30ཉིན་སྤེལ་བའི་སི་ལོ་ཧྥ་ཁིའི་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམ་བསྐོའི་ཁྲོད་དུ་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་དགུ་བཞིའི་འདེམས་ཤོག་ཐོབ་ནས་ཨང་དང་པོར་གྱུར་ཡང་། རྒྱལ་དམངས་གྲོས་ཚོགས་ལས་ཕྱེད་ཀ་བརྒལ་བའི་འདེམ་ཤོག་ཐོབ་མ་ཐུབ་པས། ཁ་ཕྱོགས་ཏང་གིས་གསུང་སྐད་ཏང་དང་། སི་ལོ་ཧྥ་ཁི་མི་རིགས་ཏང་བར་སྲིད་འཛིན་མནའ་འབྲེལ་བཙུགས་པ་རེད།
ཆ་ཕུའུ་ཐོ་ཝ་ཡིས་བཤད་རྒྱུར། སྐབས་གསར་བའི་སྲིད་གཞུང་དེ་ནུས་ཁུངས་ཀྱི་རིན་གོང་ཇེ་མཐོར་འགྲོ་བ་དང་། ནོར་སྲིད་གནས་བབ་མི་ལེགས་པ་སོགས་ཀྱི་གནད་དོན་གང་མང་ཞིག་ལ་འཕྲད་ཡོད་ཟེར། ཧྥེ་ཙོ་ཡིས་བཤད་རྒྱུར། སི་ལོ་ཧྥ་ཁིའི་དཔལ་འབྱོར་དང་སྤྱི་ཚོགས་དམིགས་ཚད་འདི་འདྲའི་ཐབས་སྡུག་ཅིག་ཏུ་གྱུར་མྱོང་མེད་པས། སྐབས་གསར་བའི་སྲིད་གཞུང་གིས་ཆེད་ལས་བྱེད་ཐབས་སྤྱད་ནས་སི་ལོ་ཧྥ་ཁིའི་མི་དམངས་ལ་སྔར་ལས་བཟང་བའི་འཚོ་བ་བསྐྲུན་རྒྱུ་ཡིན་ཟེར།
ཧྥེ་ཙོ་ཡིས་ཉིས་སྟོང་དྲུག་ལོ་དང་། ཉིས་སྟོང་བཅུ་གཉིས་ལོ། ཉིས་སྟོང་བཅུ་དྲུག་ལོ་བཅས་ཐེངས་གསུམ་ལ་སི་ལོ་ཧྥ་ཁིའི་ཙུང་ལི་ཡི་འགན་ཁུར་མྱོང་།
རིག་འཛིན་སྒྲོལ་མས་བསྒྱུར།