ཀྲའེ་ཅུན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས།
2023.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀྲའེ་ཅུན་གྱིས་ཚེས24ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་དང་།   ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སྲིད་པུའུ་ཀྲང་སཱ་དབྱེ་ཧི་དང་ཐུག་འཕྲད་བྱས་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་དང་མིག་སྔའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཀྲའེ་ཅུན་གྱིས་བསྟན་དོན།  ཉེ་བའི་ལོ་འགའི་རིང་ལ།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མོ་ཏི་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།  ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་ཡུན་རིང་བོར་འཕེལ་རྒྱས་བྱུང་།  ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ལྔ་ལོན་པའི་ལོ་ཡིན་པ་དང་།  སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་འབད་པ་བྱས་ཏེ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།    མིག་སྔར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་།   འཁྲུག་རྩོད་ལས་མི་སེར་མང་བོར་ཤི་རྨས་བཟོ་བཞིན་ཡོད་ལ།   མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས།   ཀྲུང་གོ་ཕྱོགས་ཀྱིས་དེར་སེམས་སྡུག་དང་སེམས་ཁུར་བྱེད་བཞིན་ཡོད།    མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་དོན་ནི་གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུ།   མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཉམས་ཉེན་ཕྱི་རུ་མཆེད་པར་སྔོན་འགོག་བྱེད་རྒྱུ་དེ་ཡིན།   ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕ་ལེ་སི་ཐན་གནད་དོན་ཐད་ཀྱི་ལངས་ཕྱོགས་ཧ་ལམ་འདྲ་མཚུངས་ཡིན་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཕྱོགས་མང་ཁྱབ་ཁོངས་སུ་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཞི་འཇགས་སུ་འགྲོ་བ་དང་འཁྲུག་རྩོད་ལ་ཚོད་འཛིན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་འདོད་ཡོད།

སཱ་དབྱི་ཧི་ཡིས་བསྟན་དོན།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བརྟན་པོ་ཡིན་པ་དང་།   ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ།   ཕྱོགས་མང་ཁྱབ་ཁོངས་ནས་ཕན་ཚུན་རྒྱབ་སྐྱོར་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བརྗེ་རེས་དང་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱས་ཡོད།   ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ལས་མི་སེར་མང་བོར་ཤི་རྨས་བཟོས་པར་ཡིད་ཕམ་ཡོད་ལ།   འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་དང་ཅཱ་ཧྲ་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་ཅཱ་ཧྲ་མི་དམངས་ཀྱི་གཞི་རྩའི་འགྲོ་མིའི་ཐོབ་ཐང་དང་དགོས་མཁོར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།   ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བྱེད་ནུས་དང་ཤུགས་རྐྱེན་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག་སྒོས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བར་འབད་པ་བྱེད་འདོད་ཡོད།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།