མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་དྲུག་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་སླར་གསོ་བྱས་ནས་གྲོས་ཚོགས་ཐེངས་བཅུ་པ་བསྡུས། ཚོད་དཔག་བྱས་ན་ཚེས་ཉེར་བདུན་ཉིན་ཅོར་ཏན་གྱིས་སྤྲད་པའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་རེད།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ནི་ཨ་རབ་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཅོར་ཏན་དང་དབྱི་སི་རལ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་མོ་རི་ཐ་ནེ་ཡ་སོགས་རྒྱལ་ཁབ་ཀྱི་རེ་བ་ལྟར་སླར་གསོ་བྱས་པ་ཞིག་རེད། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལང་ཞི་སི་ཡིས་ཉིན་དེའི་གྲོས་ཚོགས་ལ་མགོ་འཛིན་བྱས།
ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ས་ཧྥ་ཏི་ཡིས་ཨ་རབ་སྡེ་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད། ཁོས་བཤད་རྒྱུར། ཅོར་ཏན་གྱིས་ཨ་རབ་རྒྱལ་ཁབ་ཀྱི་ཚབ་བྱས་ནས་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་འཆར་ཟིན་གྱི་དམིགས་འབེན་ནི་མཉམ་འབྲེལ་རྒྱལ་ཚོགས་འཛུགས་པའི་ཐོག་མའི་བསམ་འདུན་དང་གཅིག་མཚུངས་ཡིན་ཏེ། ཞི་བདེ་མངོན་འགྱུར་དང་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱ་རྒྱུ་དེ་ཡིན། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་དམ་པོས། ཞི་བདེ་དང་། དྲང་གཞག་ལ་གཞོལ་དགོས་པའི་འབོད་སྐུལ་བཏང་བ་དང་། ཕ་ལེ་སི་ཐན་གྱི་བྱིས་པ་དང་དབྱི་སི་རལ་གྱི་བྱིས་པ་གང་ཡིན་རུང་དམག་འཁྲུག་དང་འཇིགས་སྐྲག་མེད་པའི་འཚོ་བ་རོལ་བའི་དབང་ཆ་ཡོད་ཅེས་བཤད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཐེངས་བཅུ་པ་དེ་གཅིག་དགུ་གོ་བདུན་ལོའི་ཟླ་བཞི་པར་བསྡུས་པ་དང་། ཐེངས་གང་མང་ལ་གྲོས་ཚོགས་བསྡུ་མཚམས་བཞག་མྱོང་། ཐེངས་སྔོན་མར་གྲོས་ཚོགས་སླར་གསོ་བྱས་པའི་ལོ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་གཙོ་བོ་ཁུར་ཡོད་ཀྱང་། བདེ་འཇགས་ལས་འཛིན་ལྷན་ཚོགས་གཟའ་འཁོར་སྔོན་མ་ནས་བཟུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་གྱི་ཆོད་དོན་འཆར་ཟིན་བཞི་ལ་གྲོས་འཆམ་འབྱུང་མ་ཐུབ་པས། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་གྲོས་ཚོགས་ནི་གནས་བབ་དེ་འདྲའི་འོག་ཏུ་སླར་གསོ་བྱས་ཏེ་བསྡུས་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།