ཕ་ལེ་སི་ཐན་ཕྱོགས་ཀྱིས་ཚེས26ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་ཆུ་ཚོད་ཁ་ཤས་ལ་ཚད་ཡོད་དཔུང་འཇུག་བྱས། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་གསལ་བསྒྲགས་ཁྲོད་བཤད་རྒྱུར། དེ་ནི་གོ་རིམ་རྗེས་མའི་དམག་དོན་འགུལ་སྐྱོད་ལ་གྲ་སྒྲིག་བྱས་པ་ཡིན་ཟེར། ཨུ་རུ་སི་དང་ཅོར་ཏན་སོགས་རྒྱལ་ཁབ་ཀྱི་འགོ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།
དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས26ཉིན་གྱི་སྔ་དྲོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་སུ་འགུལ་སྐྱོད་སྤེལ་བ་དང་། ཐན་ཁི་དང་རྐང་དམག་གིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧཱ་མཱ་སིའི་དམག་དོན་དམིགས་འབེན་དང་རྨང་གཞིའི་སྒྲིག་ཆས་ཁ་ཤས་ལ་འཇབ་རྒོལ་བྱས་ཟེར། གསལ་བསྒྲགས་ཁྲོད་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི་ས་ཁུལ་དེ་དང་ཁ་བྲལ་ནས་ཕྱིར་དབྱི་སི་རལ་གྱི་མངའ་ཁོངས་སུ་ལོག་པ་དང་། ཐེངས་འདིའི་འགུལ་སྐྱོད་དེ་ནི་གོ་རིམ་རྗེས་མའི་དམག་དོན་འགུལ་སྐྱོད་ལ་གྲ་སྒྲིག་བྱས་པ་ཡིན་ཟེར།
ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཚེས26ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅཱ་ཧྲ་ས་ཁུལ་དུ་ཆུ་ཚོད་ཁ་ཤས་ལ་ཚད་ཡོད་དཔུང་འཇུག་བྱས་པ་དང་། བྱེ་བྲག་གི་གནས་ཚུལ་བསྒྲགས་མེད། ཧཱ་མཱ་སི་ཕྱོགས་ཀྱིས་དེའི་ཐད་ལ་ཐད་ཀར་ལན་བཏབ་མེད་མོད། འོན་ཀྱང་དེའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སང་དམག་དཔུང་གིས་དབྱི་སི་རལ་གྱི་དམག་དཔུང་གིས་ས་ངོས་དཔུང་འཇུག་གི་གསལ་བསྒྲགས་སྤེལ་ནས་ཅང་མ་འགོར་བའི་རྗེས་སུ་བསྟན་དོན། ཁོ་ཚོས་དབྱི་སི་རལ་གྱི་གྱེན་འཕུར་གནམ་གྲུར་མེ་ཤུགས་འཕུར་མདེལ་མང་བོ་འཕངས་པར་མ་ཟད་དམིགས་འབེན་ལ་ཕོག་ཡོད་ཟེར།
སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས25ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་སི་རི་ཡའི་ལྷོ་ཕྱོགས་ཀྱི་ཏི་ལ་ཞིང་ཆེན་གྱི་དམག་དོན་ས་གནས་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ་སི་རི་ཡའི་དམག་དོན་མི་སྣ་བརྒྱད་བསད་པ་དང་མི་བདུན་རྨས་ཡོད་ལ། སྒྲིག་ཆས་ཁ་ཤས་ལ་གཏོར་བརླག་ཐེབས་ཡོད། དེ་མིན། དབྱི་སི་རལ་གྱིས་ཉིན་དེར་ད་རུང་སི་རི་ཡའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བར་སྣང་འཇབ་རྒོལ་བྱས་ཏེ་གནམ་གྲུ་ཐང་གི་བགྲོད་ལམ་ལ་གནོད་སྐྱོན་ཐེབས་པར་མ་ཟད་གནས་སྐབས་སུ་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས25ཉིན་བསྟན་དོན། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་བྱུང་བའི་འཁྲུག་རྩོད་ལས་མི་སྟོང་ཕྲག་མང་བོའི་ཚེ་སྲོག་ཤོར་བ་དང་། དེ་ནི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཞིག་རེད། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་ན་ཡང་ཐུན་མོང་འགན་འཁྲིའི་རྩ་དོན་ལག་བསྟར་བྱེད་མི་རུང་ལ། ཉེས་མེད་ཀྱི་མི་སེར་རྣམས་ཀྱིས་ཁོ་ཚོའི་ནག་ཉེས་ལ་འགན་ཁུར་མི་འོས། མིག་སྔའི་ལས་འགན་གཙོ་བོ་ནི་འཁྲུག་རྩོད་དང་དྲག་ཤུགས་མཚམས་འཇོག་རྒྱུ་དེ་ཡིན། གལ་ཏེ་དེ་ལྟར་མ་བྱས་ན་ཉམས་ཉེན་སྔར་ལས་ཆེ་རུ་སོང་སྟེ་གཏོར་བརླག་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ལ། ཐ་ན་དབུས་ཤར་ལས་གཞན་པའི་ས་ཁུལ་དུ་ཤུགས་རྐྱེན་ཐེབས་ཀྱང་སྲིད་ཟེར།
ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཚེས25ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུགས་འཕྲད་གནང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་པ་ལས་མཐའ་འཁོར་ས་ཁུལ་ལ་ཉེན་ཁ་འབྱུང་སྲིད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་དམག་འཁྲུག་མཚམས་འཇོག་ཏུ་འཇུག་པ་དང་མི་སེར་ལ་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཁོས་ཅོར་ཏན་གྱིས་ཕ་ལེ་སི་ཐན་མི་དམངས་བཙན་ཤེད་ཀྱིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་ནས་མཐར་སྐྲོད་གཏོང་བ་དང་ཁོ་ཚོ་ཡུལ་གྱར་དུ་འགྲོ་བའི་རེ་ངན་གང་རུང་ཁས་ལེན་མི་སྲིད་པ་བསྐྱར་བསྒྲགས་བྱས་པར་མ་ཟད། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།