ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས26ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་རུ་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཡོ་རོབ་གླིང་རྒྱལ་ཁབ་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་ན། ཨུ་རུ་སི་ཡིས་དེར་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མེན་སི་ཁི་རུ་སྤེལ་བའི་ཡོ་རོབ་དང་ཨེ་ཤ་ཡའི་བདེ་འཇགས་ཏེ་འགྱུར་ལྡོག་བྱུང་བའི་འཛམ་གླིང་གི་དོན་དངོས་དང་མདུན་ལམ་ཞེས་པའི་རིམ་པ་མཐོ་བའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་བཅས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་གི་ཡིད་རྟོན་རྐྱེན་སྲོལ་དང་དམག་དོན་ཚོད་འཛིན་རྐྱེན་སྲོལ་མེད་བརླག་ཏུ་བཏང་སོང་། གལ་ཏེ་ཨ་མེ་རི་ཁས་ཡོ་རོབ་གླིང་གི་རྒྱལ་ཁབ་ཏུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པ་དང་ཡོ་རོབ་རྒྱལ་ཁབ་བར་མཉམ་འབྲེལ་ཉིང་རྡུལ་ལས་འགན་ལག་བསྟར་བྱས་ན། འཐབ་ཇུས་ཀྱི་ཉེན་ཁ་དང་ས་ཁུལ་གྱི་བརྟན་འཇགས་ལ་གཏོར་བརླགས་བཟོ་ཤ་སྟག་ཡིན། འདི་འདྲའི་གནས་བབ་འོག ཨུ་རུ་སི་ཡིས་ཁ་གཏད་འཇལ་ཐབས་སྤྱད་དེ་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ལ་ཉིན་རེ་བཞིན་འཇིགས་སྣང་ཚབས་ཆེན་སློང་བཞིན་པ་དེ་མེད་པར་མི་གཏོང་ཐབས་མེད་རེད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲག་ཆས་ཁྱབ་སྤེལ་མི་བྱེད་པ་དང་ལྟ་སྐུལ་དོ་དམ་ཟི་ཡི་ཟི་ཀྲང་ཡེ་ཨར་མ་ཁི་ཧྥུའུ་ཡིས་ཉིན་ཤས་སྔོན་ལ་ཨུ་རུ་སི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྣང་ཚུལ་མང་བོར་བལྟས་ན། ཨ་མེ་རི་ཁས་ཉིང་རྡུལ་མཚོན་ཆ་ཡང་བསྐྱར་དབྱིན་ཇི་རུ་བཀོད་སྒྲིག་བྱེད་མིན་དེར་བསམ་གཞིགས་གཏོང་བཞིན་ཡོད། ཨ་མེ་རི་ཁས་དབྱིན་ཇི་རུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་ན་དེས་ཨ་མེ་རི་ཁས་ཉིང་རྡུལ་བཀོད་སྒྲིག་ས་ཁོངས་རྒྱ་བསྐྱེད་འདོད་པ་མཚོན་པར་མ་ཟད། གནས་བབ་སྔར་ལས་ཚབས་ཆེན་དུ་འགྱུར་ངེས་ཡིན་ཟེར།
ཚེས25ཉིན་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་གོང་མས་ཁྲིམས་དོན་གྲོས་གཞི་ཞིག་ལ་འདེམས་ཤོག་ཆ་ཚང་འཕངས་ནས་གྲོས་འཆམ་བྱུང་སྟེ། ཕྱོགས་ཡོངས་ནས་ཉིང་རྡུལ་མཚོན་ཆ་བཀག་སྡོམ་བྱེད་པའི་ཆིངས་ཡིག་ལ་ཆོག་མཆན་བཀོད་པ་དེ་ཕྱིར་འཐེན་བྱ་རྒྱུར་གྲོས་མཐུན་བྱུང་།
ཨུ་རུ་སིའི་གྲོས་ཁང་གོང་མས་བལྟས་ན། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཉིང་རྡུལ་མཚོན་ཆ་བཀག་འགོག་བྱེད་པའི་དམིགས་འབེན་མངོན་འགྱུར་འབྱུང་མི་སྲིད། ཨ་མེ་རི་ཁ་དང་བཅས་པའི་རྒྱལ་ཁབ་ཁ་ཤས་ཀྱི་གཏོར་བརླགས་རང་བཞིན་གྱི་ལངས་ཕྱོགས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་ཉིང་རྡུལ་ཚོད་ལྟ་བཀག་སྡོམ་བྱེད་པའི་ཆིངས་ཡིག་ལ་ཆོག་མཆན་བཀོད་པ་དེ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་ནི་ཨུ་རུ་སི་ཕྱོགས་ཀྱིས་སྤྱད་པའི་བྱེད་ཐབས་ཤིག་ཡིན་ལ། ཆིངས་ཡིག་ཕྱིར་འཐེན་བྱས་རྗེས་ཨུ་རུ་སི་ཡིས་སྔར་བཞིན་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་གོ་གནས་སོར་འཇོག་བྱ་རྒྱུ་མ་ཟད། དེ་མཚུངས་ཀྱི་འགན་འཁྲི་དང་ལེན་བྱ་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།