སི་ཕེན་གྱི་ཀྲུང་གོར་ཤེས་རྟོགས་བྱེད་པའི་ཁྲིད་སྟེགས་ཞེས་པས་ཀྲུང་གོ་དང་སི་ཕེན་གྱི་མཛའ་བརྩེ་ལ་ཡར་སྐུལ་བྱས་པའི་ལས་ཁུངས་དང་ཁེ་ལས།  མི་སྒེར་བཅས་ལ་བྱ་དགའ་བྱིན།
2023.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སི་ཕེན་གྱི་ཀྲུང་གོའི་མཛའ་མཐུན་ལས་ཁུངས་ཀྱི་ཀྲུང་གོར་ཤེས་རྟོགས་བྱེད་པའི་ཁྲིད་སྟེགས་ཞེས་པས་ཉེ་ལམ་མཱ་ཏི་ལི་རུ་སྐབས་བདུན་པའི་ཀྲུང་གོར་ཤེས་རྟོགས་བྱེད་པའི་ཁྲིད་སྟེགས་ཀྱི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་ཏེ།  ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ལས་ཁུངས་དང་ཁེ་ལས། མི་སྒེར་བཅས་ལ་བྱ་དགའ་བྱིན།

སཱ་ལ་མན་ཁ་གྲོང་ཁྱེར་གྱི་སྲིད་གཞུང་དང་པིས་ཡ་ཏིས་རླངས་འཁོར་ཀུང་ཟི་གཉིས་ལ་སོ་སོར་སྐབས་འདིའི་ཀྲུང་གོར་ཤེས་རྟོགས་བྱེད་པའི་ཁྲིད་སྟེགས་ཀྱི་ལས་ཁུངས་དང་ཁེ་ལས་ཀྱི་བྱ་དགའ་ཐོབ།   དཔྱད་ཞིབ་ཚོགས་པས་བལྟས་ན།   སཱ་ལ་མན་ཁ་གྲོང་ཁྱེར་སྲིད་གཞུང་གིས་སི་ཕེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པའི་ཐད་བྱ་བ་མང་པོ་བསྒྲུབས་པ་དང་།  པིས་ཡ་ཏིས་རླངས་འཁོར་ཀུང་ཟིས་གློག་སྒུལ་རླངས་འཁོར་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་ཤུགས་བཏོན་ཏེ་སི་ཕེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་མཉམ་ལས་ཀྱི་དཔེ་མཚོན་ཡིན་པར་འདོད།

སི་ཕེན་གྱི་མིང་དུ་གྲགས་པའི་རྒྱའི་རིག་པའི་མཁས་པ་ཅཱ་པུའུ་ལིས་ཨེ་ཨར·ཅཱ་ཞིན་ཡ་དབྱིན་ཆི་ཡིས་རྒྱ་ཡིག་ཡིག་སྒྱུར་དང་ཁྱབ་གདལ་དུ་གཏོང་བར་གྲུབ་འབྲས་འབུར་ཐོན་བཞག་པས།  ཁོ་ལ་ཀྲུང་གོར་ཤེས་རྟོགས་བྱེད་པའི་ཁྲིད་སྟེགས་ཀྱི་མི་སྒེར་གྱི་བྱ་དགའ་ཐོབ་པ་དང་།    སི་ཕེན་གྱི་ཕྱི་འབྲེལ་དཔོན་པོ་མན་ནུའུ་ཨེ་ཨར·པ་ལོན་ཞི་ཡ་ལའང་མི་སྒེར་གྱི་བྱ་དགའ་ཐོབ།

ཀྲུང་གོའི་སི་ཕེན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཡའོ་ཅིང་གིས་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར།   ད་ལོ་ནི་ཀྲུང་གོ་དང་སི་ཕེན་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་ཡིན།    དུས་རབས་ཕྱེད་ཀའི་རིང་ལ།  ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བདེ་ཐང་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོ་དང་འབྲལ་ཐབས་མེད།    ཀྲུང་གོར་ཤེས་རྟོགས་བྱེད་པའི་ཁྲིད་སྟེགས་ཀྲུང་གོ་དང་སི་ཕེན་གྱི་མཛའ་མཐུན་ལས་དོན་ཁྲོད་འབད་པས་ཞུགས་ཏེ་ཀྲུང་གོ་དང་སི་ཕེན་གྱི་མཛའ་བརྩེ་མི་རྣམས་ཀྱི་སེམས་སུ་སིམ་པར་བྱ་བ་མང་པོ་བསྒྲུབས།   ཀྲུང་གོའི་སི་ཕེན་དུ་སྡོད་པའི་གཞུང་ཚབ་ཁང་གིས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།