ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་པ་གཞོན་པ་ཏའེ་པེན་གྱིས་ཚེས26ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་དོན་སྐོར་གྱི་ཡོངས་བསྒྲགས་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱས་ཏེ། ཨ་ཧྥེ་རི་ཁ་དབུས་མ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་གི་རིང་ལ། ཨ་ཧྥེ་རི་ཁ་དབུས་མའི་ཞི་བདེ་འཕེལ་རིམ་ལ་རྒྱུན་མཐུད་རང་བཞིན་གྱི་གྲུབ་འབྲས་ཐོབ། ཨ་ཧྥེ་རི་ཁ་དབུས་མས་དྲག་ཤུགས་མཚོན་ཆ་བསྐྱུར་བ་དང་། བདེ་འཇགས་སྡེ་ཁག་བཅོས་སྒྱུར། ས་གནས་ཞི་བས་མཐུན་འགྲིག་སོགས་ཕྱོགས་ནས་གྲུབ་འབྲས་གལ་ཆེན་བླངས་པར་མ་ཟད། ཨ་ཧྥེ་རི་ཁ་དབུས་མའི་ཞི་བདེ་གྲོས་མཐུན་བཀོད་པའི་དྲག་ཆས་ཚོགས་ཁག་བཅུ་བཞིའི་ཁྲོད་ཚོགས་ཁག་དགུ་ཡིས་མཚོན་ཆ་བསྐྱུར་བ་ཁྱབ་བསྒྲགས་བྱས་པས། ཀྲུང་གོ་ཕྱོགས་དགའ་སྤྲོ་སྐྱེས་ཡོད།
ཉེ་ལམ། ཨ་ཧྥེ་རི་ཁ་དབུས་མ་སྲིད་གཞུང་གིས་ས་ཁོངས་རྩ་འཛུགས་དང་མཉམ་དུ་ཞི་བདེའི་འཕེལ་རིམ་གྱི་འཐབ་ཇུས་ཞིབ་བཤེར་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པས། ཕྱོགས་སོ་སོས་འབད་བརྩོན་གྱི་རྣམ་པ་འདི་ལྟ་བུར་ཚད་མཐོའི་ཁས་ལེན་བྱེད་པ་དང་། ཙུང་ཐུང་ཐུའུ་ཝ་ཏི་ལ་ཡིས་ཞི་བདེའི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་བའི་དམ་བཅས་པས། ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་ཁོངས་རྩ་འཛུགས་ཀྱིས་མུ་མཐུད་ཨ་ཧྥེ་རི་ཁ་དབུས་མའི་སྲིད་གཞུང་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། གཞི་རྩའི་གནས་ཚུལ་དང་དོན་དངོས་དགོས་མཁོ་ཟུང་སྦྲེལ་བྱས་ཏེ། ཨ་ཧྥེ་རི་ཁ་དབུས་མའི་ཞི་བདེའི་འཕེལ་རིམ་དང་། ས་གནས་འདེམ་བསྐོ་བྱ་བར་རྩ་འཛུགས་ལྡན་པའི་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། ཉེ་ལམ། ཨ་ཧྥེ་རི་ཁ་དབུས་མས་བདེ་ལེགས་ངང་སྤྱི་འདེམས་ལེགས་འགྲུབ་བྱས་ཤིང་། རྩ་ཁྲིམས་གསར་བར་གྲོས་འཆམ་བྱུང་། དོན་འདི་ལེགས་འགྲུབ་བྱུང་བ་ལས་རྒྱལ་ཁབ་བཅོས་སྐྱོང་འཐུས་ཚང་དང་། ཆབ་སྲིད་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཨ་ཧྥེ་རི་ཁ་དབུས་མས་སྔར་བཞིན་རྙོག་འཛིང་གི་བདེ་འཇགས་གནས་བབ་ལ་ཁ་གཏད་འཇལ་དགོས། སྲིད་གཞུང་ལ་རྒོལ་བའི་དྲག་ཤུགས་དང་ས་གནས་དམངས་དམག་རྩ་འཛུགས་བར་དུ་འཁྲུག་རྩོད་རྒྱུན་ཆད་མེད་པས། ས་གནས་ཀྱི་བརྟན་འཇགས་ལ་འཇིགས་སྐུལ་ཐེབས་ནས། མང་ཚོགས་མང་བོ་ཤི་རྨས་བཟོས་པ་དང་འགྲོ་སའི་ཡུལ་མེད་པར་གྱུར་པས། མི་ཆོས་རོགས་སྐྱོབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་གནོད་ཚབས་ཆེན་སྐྱེལ་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མའི་སྲིད་གཞུང་གིས་བདེ་འཇགས་སྲུང་སྐྱོང་དང་། མང་ཚོགས་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།