རྒྱུད་གཅིག་ལམ་གཅིག་གི་ལོ་འཁོར་བཅུའི་བགྲོ་གླེང་གྲོས་ཚོགས་ཉིས་ཤས་སྔོན་ཁི་ལོ་ཏི་ཡའི་སི་ཕུའུ་ལི●ཏ་ཨར་མ་ཐིས་ཡ་ཞིང་ཆེན་གྱི་ཁི་ཨར་ཆིའུ་ལ་ནས་བསྡུས། ཚོགས་ཞུགས་སྐུ་མགྲོན་གྱིས་བལྟས་ན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་གཞིས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཐད་བརྟན་འཇགས་ཀྱི་སྟོབས་ཤུགས་གལ་ཆེན་བསྣན་ཡོད་པར་འདོད།
ཚེས་ཉེར་ལྔ་ཉིན་བསྡུས་པའི་བགྲོ་གླེང་གྲོས་ཚོགས་དེ་ཀྲུང་གོའི་ཁི་ལོ་ཏི་ཡ་རུ་སྡོད་པའི་གཞུང་ཚབ་ཁང་གིས་གཙོ་སྒྲུབ་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གཙོ་དོན་གསུང་བཤད་ལ་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་གཞི་ལས་ཞི་བདེ་མཉམ་ལས་དང་། སྒོ་འབྱེད་ཁོངས་ཡངས། ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་མངོན་པར་བྱས་ཡོད་ཟེར།
ཁི་ལོ་ཏི་ཡའི་ཙུང་ལི་གཞོན་པ་ཟུར་པ། ཁི་ལོ་ཏི་ཡའི་སྔོན་ཆད་ཀྱི་ཀྲུང་གོའི་གཞུང་ཚབ་པ་ཞི་མོ་ཉི་ཆི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཁི་ལོ་ཏི་ཡའི་ཕའེ་ལེ་ཧྲ་ཚི་ཟམ་ཆེན་དང་སའེ་ཉི་རླུང་གློག་རྣམ་གྲངས་དེ་ཁི་ལོ་ཏི་ཡ་དང་ཀྲུང་གོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡའི་ཁི་ལོ་ཏི་ཡ་རུ་སྡོད་པའི་གཞུང་ཚབ་པ་ཝེ་ཨར་ཐ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡས་རྒྱུད་གཅིག་ལམ་གཅིག་གྲོས་གཞིར་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད་ལ། ཡ་ཝན་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཚོན་བྱེད་ཅིག་ཡིན་ཟེར།
ཧ་སག་ཁི་སི་ཐན་གྱི་ཁི་ལོ་ཏི་ཡའི་གཞུང་ཚབ་པ་ཁ་མའེ་ལི་ཅི་ནོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་མཉམ་སྐྲུན་བྱེད་པའི་གྲོས་གཞི་ཐོག་མར་བཏོན། ལོ་བཅུའི་རྗེས་ཀྱི་དེ་རིང་། རྒྱུད་གཅིག་ལམ་གཅིག་གྲོས་གཞིས་འཛམ་གླིང་ལ་ཤུགས་རྐྱེན་ངེས་ཅན་བཞག་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་ཟེར།
མ་ལེ་ཞི་ཡའི་ཁི་ལོ་ཏི་ཡར་སྡོད་པའི་གཞུང་ཚབ་པ་ཨོ་ནུང་གིས་བཤད་རྒྱུར། ལོ་བཅུའི་རིང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་གཞིས་མ་ལེ་ཞི་ཡ་དང་ཡང་ན་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད་ཟེར།
ཀྲུང་གོའི་ཁི་ལོ་ཏི་ཡར་སྡོད་པའི་གཞུང་ཚབ་པ་ཆི་ཆན་ཅིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་ཀྲུང་གོས་བཏོན་པ་ཡིན་རུང་། གྲུབ་འབྲས་དང་གོ་སྐབས་ཅི་ཡོད་འཛམ་གླིང་ལ་དབང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱས་ཏེ། རང་རང་གི་དགེ་མཚན་འདོན་སྤེལ་དང་མཉམ་ཤུགས་གྲུབ་པར་བྱས་ནས། སྒོ་འབྱེད་ཁོངས་ཡངས་དང་། ཕན་ཚུན་སྦྲེལ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་འཐད་པ་ཡིན་ལ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།