ཡོ་རོབ་མནའ་འབྲེལ་གྱིས་ཅ་ཧྲ་ས་ཁུལ་དུ་མི་ཆོས་བགྲོད་ལམ་འབྱེད་པ་དང་དམག་འཁྲུག་གནས་སྐབས་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཡོ་རོབ་མནའ་འབྲེལ་གྱིས་ཚེས27ཉིན།  ཅ་ཧྲ་ས་ཁུལ་དུ་མི་ཆོས་བགྲོད་ལམ་འབྱེད་པ་དང་དམག་འཁྲུག་གནས་སྐབས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཚེས27ཉིན། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་མནའ་འབྲེལ་གྱི་རྩེ་ཚོགས་པི་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་གྲོལ། གྲོས་ཚོགས་སྐབས་སུ། ཚོགས་ཞུགས་མགོ་ཁྲིད་པ་རྣམས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་ཟླ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགལ་ཟླ་སོགས་གནད་དོན་གཙོར་བཟུང་ནས་གྲོས་སྡུར་བྱས།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཉིན་དེར་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་རིམ་འཕར་བྱས་པ་དེས་ས་ཁུལ་དང་འཛམ་གླིང་ལ་ཉེན་ཁ་ཆེན་པོ་བཟོ་སྲིད་པས། ཡོ་རོབ་མནའ་འབྲེལ་གྱིས་ས་ཁུལ་སྟོབས་ཤུགས་རིམ་འཕར་ལ་བཀག་འགོག་བྱེད་བཞིན་པའི་སྒང་ཡིན་ཟེར།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་རྩེ་ཚོགས་གསལ་བསྒྲགས་ཁྲོད། ཅ་ཧྲ་ས་ཁུལ་གྱི་ཇེ་སྡུག་ཏུ་འགྲོ་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། མི་ཆོས་རིང་ལུགས་ཀྱི་བགྲོད་ལམ་ཕྱེས་ནས་དམག་འཁྲུག་གནས་སྐབས་མཚམས་འཇོག་པ་མངོན་འགྱུར་བྱེད་པ་སོགས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་ལག་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་ནས། རྒྱུན་མཐུད་དང་མྱུར་མོ། བདེ་འཇགས་དང་བཀག་རྒྱ་མེད་པའི་མི་ཆོས་རིང་ལུགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་དགོས་པར་འདོད།

གསལ་བསྒྲགས་ལས་བཤད་རྒྱུར། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལྟར་མང་ཚོགས་ཚང་མར་སྲུང་སྐྱོབ་བྱེད་དགོས། ཡོ་རོབ་མནའ་འབྲེལ་གྱིས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བའི་གནད་དོན་ཐད་ནས་མྱུར་དུ་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་བསྡུ་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགལ་བའི་ཐད་ནས། ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱུན་མཐུད་ཀྱི་དམག་དོན་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཀྱང་། ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་བསམ་ཚུལ་མི་མཐུན་པ་ཡོད། ཧང་ག་རི་དང་སི་ལོ་ཧྥ་ཁི་སོགས་ཁོངས་གཏོགས་རྒྱལ་ཁབ་ཝུའུ་ཁི་ལན་ལ་དངུལ་བསྡུའི་དམ་བཅའ་གསར་བ་འཇོག་པར་འཐད་པ་བྱུང་མེད་ཟེར།

                                                                          རིག་འཛིན་སྒྲོལ་མས་བསྒྱུར།