དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧ་ཅ་ལི་ཡིས་ཚེས27ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེའི་དགོང་མོ་ནས་བཟུང་ཅ་ཧྲ་ས་ཁུལ་གྱི་ས་ངོས་འགུལ་སྐྱོད་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།
ཚེས་ཉེར་ལྔ་དང་ཉེར་དྲུག་ཉིན་གྱི་དགོང་མོར། དབྱི་སི་རལ་ས་ངོས་དམག་དཔུང་ཐེངས་གཉིས་ལ་ཅ་ཧྲ་ས་ཁུལ་དུ་སོང་ནས། ཡུན་ཐུང་གི་ས་ངོས་འགུལ་སྐྱོད་སྤེལ་རྗེས་ཕྱིར་འཐེན་བྱས། དབྱི་སི་རལ་གྱི་དམག་གིས་བཤད་ན། ཡུན་ཐུང་གི་ས་ངོས་འགུལ་སྐྱོད་དེ་ཕྱོགས་ཡོངས་ཀྱི་ས་ངོས་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱས་པ་ཞིག་ཡིན་ཟེར།
ཕ་ལེ་སི་ཐན་གློག་འཕྲིན་ཀུང་ཟིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་འགས་གཏོར་གང་མང་བཏང་རྐྱེན། ཅ་ཧྲ་ས་ཁུལ་གྱི་འཕྲིན་གཏོང་དང་མཉམ་འབྲེལ་དྲ་བའི་ཞབས་ཞུ་ཡོངས་སུ་མཚམས་བཅད་ཡོད་ཟེར།
དབྱི་སི་རལ་གྱི་ས་སྲུང་དམག་སྤྱི་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་ཐི་ལ་ཝེ་ཧྥུའུ་དང་། ལི་ཞུང་ལེ་ཞི་ཨན་སོགས་དབྱི་སི་རལ་དབུས་ཁུལ་གྱི་གྲོང་ཁྱེར་དང་། ཅ་ཧྲ་ས་ཁུལ་དང་ཉེ་བའི་དབྱི་སི་རལ་གྱི་མཁར་གྲོང་ལ་མེ་ཤུགས་འཕུར་མདེལ་གཏོང་འཕེན་བྱས་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།