ཀྲུང་གོས་རྒྱལ་སྤྱིའི་རྩོད་གཞི་ཞི་བདེའི་ངང་ནས་ཐག་གཅོད་བྱེད་པའི་འབོད་སྐུལ་བཏང་།
2023.10.28 ཁུངས། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀུན་ཧྲོང་གིས་ཚེས་ཉེར་བདུན་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གི་ཡོན་ཀྲང་བརྡ་ཁྱབ་ཚོགས་འདུའི་སྟེང་བསྟན་དོན། ཞི་བདེའི་རྣམ་པ་ལ་བརྟེན་ནས་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱ་དགོས་ཟེར། 

ཀུན་ཧྲོང་གིས་བཤད་རྒྱུར། མིག་སྔར། ས་ཁོངས་གདོང་ཐུག་དང་གནད་དོན་ཚ་ཤོས་མང་བོ་གཅིག་འཇགས་གཅིག་ལངས་དང་ཛ་དྲག་ཇེ་ཆེ་རུ་གྱུར་ནས། རྒྱལ་སྤྱིའི་རྣམ་པ་དེ་སྔར་ལས་གཡོ་འགུལ་ཆེ་ཞིང་ཟིང་ཟིང་དུ་འགྱུར་བཞིན་འདུག་པས། ཕྱོགས་མང་རང་བཞིན་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་གི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན། བྲེལ་མྱུར་རང་བཞིན་སྔར་ལས་ཇེ་གསལ་དུ་གྱུར་འདུག  ཉེ་བའི་ལོ་འདི་དག་ལ། རྒྱལ་སྤྱིའི་ཁྲིམས་ཁང་གིས་གྱོད་དོན་བདག་སྤྲོད་བྱེད་པའི་ཁ་གྲངས་ཇེ་མང་དུ་སོང་ནས། གྱོད་དོན་ཁ་ཤས་ཀྱིས་ཁྲིམས་ལུགས་ཀྱི་འགྲན་རྩོད་དང་ཆབ་སྲིད་ཀྱི་རྒྱུ་རྐྱེན། ལོ་རྒྱུས་ཀྱི་རྙོག་འཛིང་བཅས་མཉམ་ཁུར་བྱས་ཏེ། ཕྱོགས་སོ་སོས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་སྔར་བཞིན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་ཁྲིམས་ཁང་གི་སྒྲིག་སྲོལ་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་འཐད་པ་བྱུང་བའི་རྩ་དོན་གཞིར་བཟུང་ནས་ཁྲིམས་འཛིན་དབང་ཆ་ལག་བསྟར་བྱས་ཏེ། དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་སྤྱིའི་ཁྲིམས་སྲོལ་ལ་ཆ་ཚང་དང་ཡང་དག་པའི་སྒོ་ནས་འགྲེལ་བཤད་བྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཞི་བདེ་གཅིག་གྱུར་ལ་འཚམ་མཐུན་ཡོང་བར་ཁག་ཐེག་བྱེད་ཀྱིན་ཡོད། 

ཀུན་ཧྲོང་གིས་བཤད་རྒྱུར། ད་ལོར། རྒྱལ་སྤྱིའི་ཁྲིམས་ཁང་ལ་སྔ་རྗེས་སུ་ཕ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་གྱོད་དོན་དང་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་གནད་དོན་སོགས་བསམ་འཆར་འདྲི་རྩད་ཀྱི་རེ་ཞུ་འབྱོར་ཡོད། ཉེ་དུས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་རྩོད་ཀྱིས་མི་སེར་མང་བོར་ཤི་རྨས་ཚབས་ཆེན་བཟོས་པས། ཀྲུང་གོ་ཕྱོགས་ཀྱིས་དྲག་ཆས་འཁྲུག་རྩོད་སྔར་ལས་ཇེ་དྲག་དང་། ས་ངོས་འཐབ་འཁྲུག་གནས་ཚུལ་བསྟུད་མར་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ལ། དེང་གི་བྲེལ་མྱུར་ལས་འགན་ནི་མྱུར་དུ་ཕྱོགས་ཡོངས་ནས་འཁྲུག་མཚམས་འཇོག་རྒྱུ་དང་གཞི་རྒྱ་ཆེ་བའི་མི་ཆོས་གནོད་ཐེབས་ལ་བཀག་འགོག་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་རྒྱལ་སྤྱིའི་མི་ཆོས་ཁྲིམས་ལུགས་ལ་བརྩི་སྲུང་བྱས་ནས། མི་སེར་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་དགོས་པར་འབོད་སྐུལ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་འབྲེལ་ཡོད་ཁྲིམས་ལུགས་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཕྱོགས་སོ་སོས་བཏོན་པའི་བསམ་འཆར་གྱི་རྨང་གཞིའི་སྟེང་ནས་འདྲི་རྩད་ཀྱི་བསམ་ཚུལ་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་ཡོད་གནད་དོན་ཐག་གཅོད་པར་ཁྲིམས་ལུགས་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱེད་པ་དང་། ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་བདེན། ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོལ་འབྱེད་ཁོངས་མི་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་ཁུར་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་གི་བྱ་བར་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་སོ་སོ་དང་ལག་རྡང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་ཤུགས་བསྣན་ཏེ། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་དགོས་པར་འདོད་ཡོད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།