ཡོ་རོབ་དང་ཨེ་ཤ་ཡའི་བདེ་འཇགས་གྲོས་ཚོགས་སྟེང་བདེ་འཇགས་དང་འཕེལ་རྒྱས་ལ་དམིགས་ནས་གྲོས་སྡུར་བྱས།
2023.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 355

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་དང་ཨེ་ཤ་ཡའི་བདེ་འཇགས་གྲོས་ཚོགས་ཚེས27ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་རུ་གྲོལ། ཚོགས་ཞུགས་ཆབ་སྲིད་མི་སྣ་གལ་ཆེན་དང་ཆེད་མཁས་པ་རྣམས་ཀྱིས་ཡོ་རོབ་དང་ཨེ་ཤ་ཡའི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སོགས་མཉམ་ལས་འཕེལ་རྒྱས་ཀྱི་བརྗོད་གཞིར་གྲོས་བསྡུར་བྱས།

ཚོགས་ཐོག་ནས་འཛམ་གླིང་ཡོངས་དང་ས་ཁོངས་ས་ཁམས་ཆབ་སྲིད་ཐད་ནས། ཡོ་རོབ་དང་ཨེ་ཤ་ཡའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་དང་། ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་གཞི་གཅིག་ཅན་གྱི་སྒྲིག་གཞི། ཡོ་རོབ་དང་ཨེ་ཤ་ཡའི་བར་སྟོང་ཁྲོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཕན་ཚུན་བར་བྱེད་ནུས་འདོན་རེས་བྱེད་པ། ཉིང་རྡུལ་མཚོན་ཆའི་འཐབ་ཇུས་བརྟན་ལྷིང་སོགས་ཀྱི་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡིས་ཚོགས་འདུར་འཕྲིན་ཡིག་བསྐུར་ནས་བཤད་རྒྱུར། མིག་སྔར་ཚོགས་འདུའི་སྟེང་སྤྱོད་ཀྱིན་པའི་གྲོས་མོལ་གྱི་རྣམ་པ་འདི་ནི། སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ལེགས་པོ་ཡོད། ཞི་བདེར་སྲུང་སྐྱོབ་བྱེད་རྒྱུ་དང་། ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་སན་གསར་དུ་ཐོན་པའི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ། ཕན་ཚུན་ཁ་གཏད་དུ་ལངས་པ་དང་འཁོན་འཛིན་བྱེད་པའི་རྣམ་པ་སྔར་ལས་ཇེ་ཉུང་དུ་བཏང་ནས། འཛམ་གླིང་ཡོངས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། ཡོ་རོབ་བདེ་འཇགས་མ་ལག་འཛུགས་སྐབས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་ཁེ་ཕན་ལ་བསམ་བློ་མི་གཏོང་བ་ནི་མིག་རྒྱང་ཐུང་བའི་སྐྱོན་ཁོ་ན་ཡིན་ཟེར། ཁོས་ཨུ་རུ་སིས“སུ་ལའང་སྒོ་རྒྱག་མི་སྲིད”ནའང་། ཕན་ཚུན་མཉམ་ལས་བྱེད་པའི་རྨང་གཞི་ནི་འདྲ་མཉམ་དང་གཞུང་དྲང་ཡིན་དགོས་ཟེར།

ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞིས་ཡ་ཨར་ཏོ་ཡིས། མིག་སྔའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གདོང་ཐུག་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་གིས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོས་ཡོད་པས། འབྲེལ་ཡོད་ཕྱོགས་སོ་སོ་འདུ་ཤེས་འཛིན་སྟངས་ཀྱི་གདོང་ཐུག་ལས་གཡོལ་ཏེ། ཕན་ཚུན་བར་བརྩི་འཇོག་བྱེད་རྒྱུ་དང་། བསམ་ཤེས་དང་རྒྱུན་ཤེས་སྔོན་སོང་གི་སྒོ་ནས་ཕན་ཚུན་བར་གྱི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ཐེངས་ཀྱི་ཚོགས་འདུ་དེ་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་སུམ་ཅུ་ནས་ཡོང་བའི་ཆབ་སྲིད་མི་སྣ་གལ་ཆེན་དང་ཆེད་མཁས་པ། རིག་གནས་པ་བཅས་མི་སུམ་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།