མོ་ཞི་ཁོ་རྒྱལ་ཁབ་ཏུ་མཚོ་རླུང“ཨོ་ཏི་ཟི”གཡུགས་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར།
2023.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 365

མོ་ཞི་ཁོ་རྒྱལ་ཁབ་ཀྱི་བདེ་འཇགས་པུའུ་ཡི་པུའུ་ཀྲང་ལའོ་ཏི་ལིས་ཀི་ཟི་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། མི་ཞོ་ཁོ་རྒྱལ་ཁབ་ཏུ་མཙོ་རླུང“ཨོ་ཏི་ཟི”གཡུགས་ནས་མི་སོ་དགུ་རླུང་འཚུབ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གར་སོང་ཆ་མེད་དུ་གྱུར་ཡོད་ཟེར།

ལའོ་ཏི་ལིས་ཀི་ཟི་ཡིས་ཉིན་དེར་ཙུང་ཐུང་ལའོ་ཕའེ་ཟི་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ཡར་ཞུ་བྱེད་སྐབས་བཤད་རྒྱུར། མི་མང་ཆེ་བ་ཆུའི་ནང་དུ་ནུབ་ནས་རྐྱེན་ལམ་དུ་ཤོར་བ་དང་། གར་སོང་མི་ཤེས་པའི་མི་སྣ་སྔར་བཞིན་འཚོལ་བཞིན་པའི་སྒང་ཡིན་ཟེར།

མོ་ཞི་ཁོ་སྲིད་གཞུང་གིས་ཐེངས་འདིའི་གནོད་འཚེར་དཔྱད་འཇོག་བྱས་པ་ལྟར་ན། མིག་སྔའི་བར་དུ། མཚོ་རླུང“ཨོ་ཏི་ཟི”ཡིས་ཐོག་ཁང་འབུམ་གཉིས་དང་ཁྲི་གཉིས་ལ་གཏོར་བརླག་བཟོས་པ་དང་། ཀི་ལའེ་ལའོ་མངའ་སྡེའི་ཡུལ་སྐོར་གནས་མཆོག་ཨ་ཕུའུ་ཨར་ཁི་དང་དེའི་ཉེ་འཁོར་དུ་ཡོད་པའི་མགྲོན་ཁང་གི་བརྒྱ་ཆའི་བརྒྱད་བཅུའི་སྒྲིག་ཆས་ལ་གཏོར་སྐྱོན་བཟོས་ཡོད། མཚོ་རླུང་དེས་ད་དུང་ཁྱིམ་ཚང་འབུམ་ལྔ་དང་ཁྲི་གཅིག་གི་གློག་བཅད་ཡོད་ཅིང་། མིག་སྔར་བརྒྱ་ཆའི་ང་ལྔའི་གློག་སླར་གསོ་བྱས་ཡོད།

ཙུང་ཐུང་ལའོ་ཕའེ་ཟི་ཡིས་སྨྱན་སྦྱོར་བརྒྱུད་དེ། མོ་ཞི་ཁོ་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་རྒྱུ་ཡིན་ལ། ཡུལ་སྐོར་གནས་མཆོག་ཨ་ཕུའུ་ཨར་ཁི་སླར་གསོ་གང་ལེགས་བྱེད་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།