དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས28ཉིན་གྱི་དགོང་མོར་ཐི་ལ་ཝེ་ཧྥུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས27ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་ས་ངོས་དཔུང་ཁག་མང་བོ་ཅ་ཧྲ་ས་ཁུལ་དུ་སོང་བ་དང་བསྟུན་ནས། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་བར་གྱི་དུས་རིམ་གཉིས་པའི་དམག་འཁྲུག་མགོ་བརྩམས་པ་ཡིན་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་རྒྱུ་ཐག་བཅད་པ་ནི་དམག་དོན་སྐབས་ཀྱི་ནང་སྲིད་ཁང་དང་བདེ་འཇགས་སྐབས་ཀྱི་ནང་སྲིད་ཁང་གཉིས་གཅིག་གྱུར་འཐད་པ་བྱུང་བ་ཞིག་ཡིན། དབྱི་སི་རལ་གྱི་དམག་འཐབ་དམིགས་འབེན་ཧ་ཅང་གསལ་བོ་ཡིན་ཏེ། ཧཱ་མ་སི་ཡི་དམག་དོན་དང་བཅོས་སྐྱོང་ནུས་པ་མེད་བརླག་ཏུ་བཏང་ནས། བཀག་འཇུག་བྱས་པའི་མི་སྣ་རང་ཁྱིམ་དུ་ལོག་པར་རོགས་བྱེད་རྒྱུ་དེ་ཡིན་ཟེར།
དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧ་ལེ་ཝེ་ཡིས་ཉིན་དེའི་སྔ་དྲོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་བཞིན་ཡོད། ཐེངས་འདིའི་དམག་འཁྲུག་ལ་དུས་རིམ་མང་བོ་ཞིག་ཡོད་ལ། དེ་རིང་ང་ཚོ་དུས་རིམ་གསར་བ་ཞིག་ཏུ་ཞུགས་ཡོད་ཟེར། ཧཱ་མ་སི་མེད་བརླག་ཏུ་གཏོང་བ་དང་བཀག་འཇུག་མི་སྣ་སྐྱོབ་ཆེད། དབྱི་སི་རལ་གྱིས་ངེས་པར་དུ་ཅ་ཧྲ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ས་ངོས་འགུལ་སྐྱོད་སྤེལ་དགོས་ཟེར།
དབྱི་སི་རལ་གྱི་དམག་གིས་ཚེས28ཉིན་གསལ་བསྒྲགས་ལས་བཤད་རྒྱུར། ཚེས27ཉིན་གྱི་ས་སྲོད་ནས་བཟུང་། དབྱི་སི་རལ་གྱི་ཁྲབ་ལྡན་དམག་དང་། བཟོ་དམག རྐང་དམག་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་དམག་འཐབ་དཔུང་ཁག་གིས་ཅ་ཧྲ་ས་ཁུལ་བྱང་ཕྱོགས་སུ་ས་ངོས་འགུལ་སྐྱོད་སྤེལ་ཟེར།
ཧཱ་མ་སིའི་ཁོངས་གཏོགས་དྲག་ཆས་ཕྱོགས་ཁག་ཁཱ་སང་དམག་དཔུང་གིས་ཚེས28་ཉིན་གསལ་བསྒྲགས་ལས་བཤད་རྒྱུར། ཧཱ་མ་སི་བཀག་འཇུག་མི་སྣ་བརྗེ་རེས་བྱེད་པའི་ཕྱོགས་ནས་དབྱི་སི་རལ་དང་གྲོས་མོལ་བྱེད་རྒྱུར་འཐད་པ་བྱུང་སྟེ། དབྱི་སི་རལ་གྱིས་བཙོན་འཇུག་བྱས་པའི་ཕ་ལེ་སི་ཐན་པ་རྣམས་ཕྱིར་བཏང་ནས། ཧཱ་མ་སིའི་བཀག་འཇུག་བྱས་པའི་མི་སྣ་དང་བརྗེ་རེས་བྱེད་པའི་རེ་བ་བཏོན་ཟེར། གསལ་བསྒྲགས་ལས་བཤད་པ་ལྟར་ན། ཐེངས་གཅིག་རང་བཞིན་དང་ཡང་ན་རིམ་པ་བགར་ནས་བརྗེ་རེས་བྱས་ཀྱང་། ཧཱ་མ་སིས་གྲ་སྒྲིག་ལེགས་པོ་བྱས་ཡོད་ཟེར།
དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པས་དོན་འདིའི་ཐད་ནས་ཧཱ་མ་སི་ལ་ལན་བཏབ་དོན། དེ་ཧཱ་མ་སི་ཕྱོགས་ཀྱི་སེམས་ཁམས་དམག་འཐབ་ཞིག་རེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་སྟེང་ཚེས27ཉིན་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་འགལ་ཟླ་ཕྱོགས་ཀྱིས་ཡུན་རིང་དང་རྒྱུན་སྲིང་གི་མི་ཆོས་རིང་ལུགས་ལག་བསྟར་བྱས་ནས་དམག་འཁྲུག་མཚམས་བཞག་སྟེ། ཕན་ཚུན་དགྲ་རུ་ལངས་པའི་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡང་། དབྱི་སི་རལ་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་དམག་གིས་མུ་མཐུད་དུ་ཅ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་དང་ས་ངོས་འགུལ་སྐྱོད་སྤེལ་བཞིན་ཡོད། ཁཱ་སང་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དྲག་ཆས་མི་སྣས་དབྱི་སི་རལ་གྱི་དམག་དཔུང་གི་ས་ངོས་འགུལ་སྐྱོད་ལ་བཀག་འགོག་བྱེད་ཀྱིན་པའི་སྒང་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།