ས་དེའི་དུས་ཚོད་ཟླ10པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཝ་ཧྲིན་ཏོན་དུ་ཨུ་མེ་རི་ཁའི་འཐབ་ཇུས་ལས་རིགས་ཀྱི་མི་སྣ་དང་བཞུགས་མོལ་བྱས།
ཝང་དབྱི་ཡིས་བཤད་རྒྱུར། ཐེངས་འདིར་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྣམ་འགྱུར་བཟུང་ནས། མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་མང་བོའི་སྐོར་ནས་གཏིང་ཟབ་ཅིང་འཛུགས་སྐྲུན་རང་བཞིན་ལྡན་ལ། དངོས་ཕན་རང་བཞིན་ལྡན་པའི་འཐབ་ཇུས་མཐུན་སྦྱོར་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་དང་ལེགས་བཅོས་བྱེད་པའི་བརྡ་རྟགས་བཟང་བོ་མཉམ་སྟོན་བྱས་ཡོད། ཡིན་ནའང་ཀྲུང་གོ་དང་ཨ་མེ་རི་ཁའི་བར་ད་དུང་འགལ་བ་སྣ་ཚོགས་ཤིག་གནས་པ་དང་། གནད་དོན་གང་མང་ཞིག་ཐག་གཅོད་བྱེད་དགོས་པས། ཕྱོགས་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་ཨ་མེ་རི་ཁས་གྲོས་མོལ་བྱེད་རྒྱུ་སྲུང་འཛིན་བྱས་པ་ནི་ཕན་ཐོགས་ཡོད་པ་ཞིག་དང་དགོས་ངེས་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མྱུར་དུ་བརྟན་པོར་ཆགས་པ་དང་། བཟང་ཕྱོགས་སུ་འཕེལ་བ་བརྩོན་ལེན་བྱེད་རྒྱུ་ནི་ཕྱོགས་གཉིས་ཀྱི་རེ་བ་ཡིན། ཅིག་ཅིན་ཧྲན་དབུ་གཙོའི་གྲོས་མོལ་མངོན་འགྱུར་བྱེད་པར་མཉམ་དུ་འབད་པ་བྱེད་རྒྱུར་ཕྱོགས་གཉིས་འཐད་པ་བྱུང་ཡོད་ཟེར།
ཝང་དབྱི་ཡིས་ཚོགས་ཞུགས་མི་སྣས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གཏིང་ཟབ་ཏུ་ཞུགས་པ་དང་དེར་འབད་པ་བྱས་པར་བསྟོད་བསྔགས་བྱས་པ་དང་། ཚང་མ་ཀྲུང་གོར་ལྟ་སྐོར་དུ་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཚང་མས་ལུགས་མཐུན་གྱི་སྐད་ཆ་བཤད་ནས། ཨ་མེ་རི་ཁའི་སྡེ་ཁག་སོ་སོས་ཀྲུང་གོར་གནས་ལུགས་དང་མཐུན་པའི་ལྟ་སྟངས་བཟུང་ནས། ཕྱོགས་གཉིས་ཀྱི་བར་ཁྱད་ཡང་དག་པའི་སྒོ་ནས་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་བདེ་ཐང་བརྟན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ཐབས་ཤེས་སྔར་སྔར་ལས་མང་བོ་འདོན་རྒྱུའི་སྐུལ་མ་བཏང་།
ཚོགས་ཞུགས་མི་སྣས་བལྟས་ན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་བྱུང་ན་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམ་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་ཐུབ། ཨ་མེ་རི་ཁའི་འཐབ་ཇུས་ལས་རིགས་ཀྱིས་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་སྣའི་འགྲོ་འོང་ལ་སྟབས་བདེ་བཟོ་བ། མཐུན་སྦྱོར་གཏིང་ཟབ་བྱས་ཏེ་ཕན་ཚུན་རྒྱུས་ཡོད་དུ་འགྱུར་བ་དང་ནོར་འཆུག་གི་བརྡར་གཅོད་མི་བྱེད་པ་དང་ཕན་ཚུན་གོ་བ་མི་ལོག་པར་བྱེད་དགོས། མཐའ་མཚམས་འགལ་ཟླ་དང་འཛམ་གླིང་སྒྲིག་རིམ་ཁ་འཐོར་འགྲོ་བར་ཁ་གཏད་ནས། ཨ་མེ་རི་ཁ་དང་ཀྲུང་གོས་ངེས་པར་དུ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར།
ཝང་དབྱི་ཡིས་ད་དུང་ཀྲུང་གོ་དང་ཨ་མེ་རི་ཁའི་བར་དམག་དོན་འགྲོ་འོང་དང་། དངུལ་རྩ་དང་། ཚན་རྩལ། མི་ཆོས་བཅས་ཀྱི་བརྗེ་རེས་མཉམ་ལས་སྤེལ་བ་དང་། དབུས་ཤར་ས་ཁུལ་གྱི་གནས་བབ་དང་ཝུའུ་ཁི་ལན་གྱི་ཉེན་ཚབས་སོགས་ཚོགས་ཞུགས་མི་སྣས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཚང་མ་དང་བསམ་ཚུལ་བརྗེ་རེས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།