ཝེ་ནེ་ཙུའེ་ལཱའི་མཐོ་རིམ་སློབ་གསོའི་པུའུ་ཀྲང་ཨོ་པུའུ་ལི་ཐཱ་སི་ཡིས་ཚེས་ཉེར་བརྒྱད་ཉིན་ཝེ་ནེ་ཙུའེ་ལཱའི་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སློབ་གསོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁུང་ཙིའི་སློབ་གླིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཉིན་དེར་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལན་ཧུའུ་ཡིས་ཨོ་པུའུ་ལི་ཐཱ་སི་ལ་ཐུག་འཕྲད་བྱས་པར་མ་ཟད། ཁོ་གཉིས་མཉམ་དུ་ཝེ་ནེ་ཙུའེ་ལཱའི་པའོ་ལེ་ཝ་ཨར་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་གི་ཀྲུང་གོའི་རྡོ་སྣུམ་སྦྱངས་འབྲས་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་པ་དང་། ཀྲུང་གོའི་རྡོ་སྣུམ་གྱི་ལཱ་ཏེན་མེ་གླིང་ཀུང་ཟིའི་སྤྱི་གཉེར་བ་ཧོང་ཀི་དང་ཁུང་ཙིའི་སློབ་གླིང་གི་དགེ་སློབ་བརྒྱ་ཕྲག་ལྷག་བྱ་འགུལ་ལ་ཞུགས། ཨོ་པུའུ་ལི་ཐཱ་སི་ཡིས་ཀྲུང་གོའི་སྲིད་གཞུང་དང་ཁེ་ལས་ཀྱིས་ཝེ་ནེ་ཙུའེ་ལཱའི་སློབ་གསོའི་ལས་དོན་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས།
ལན་ཧུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱིས་མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བར་གོ་སྐབས་གསར་བ་འདོན་སྤྲོད་བྱས་ཡོད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་བོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་སློབ་གསོའི་མཉམ་ལས་ལ་རོགས་འདེགས་བྱས་ནས། རིག་གནས་བརྗེ་རེས་མཁན་དང་དངོས་གཉེར་གྱི་མཉམ་ལས་ལག་ལེན་མཁན་སྔར་ལས་མང་བོ་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་སྔར་ལས་རྒྱས་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།