ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཕིས་དབྱང་སི་ཁི་དང་ཏོན་ནེ་ཚི་ཁི། ཀྲ་པའོ་ལོ་རི་སོགས་ཀྱི་ཕྱོགས་ནས་ཝུའུ་ཁི་ལན་དམག་ཕྱོགས་མི་སྣ་དང་དྲག་ཆས་སྒྲིག་ཆས་ལ་ཆམ་ཕབ་བཏང་བ་དང་། ཨ་མེ་རི་ཁས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདའ་བཀག་འགོག་བྱས་ཡོད་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་བཤད་རྒྱུར། ཚེས་ཉེར་དགུ་ཉིན་གྱི་ཞོགས་པར་མཚོ་ནག་མཚོ་ཁོངས་དང་ཁི་ལི་མུས་ཡཱ་ཕྱེད་གླིང་ནུབ་བྱང་ཕྱོགས་ཀྱི་བར་སྣང་ནས་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུ་སོ་དྲུག་འགས་གཏོར་བཏང་ཡོད་ཟེར།
དེ་ལས་གཞན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཁུའུ་ཨར་སི་ཁི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་འཇབ་རྒོལ་བྱས་ཏེ། ཉིང་རྡུལ་མཁོ་དངོས་གསོག་འཇོག་བྱེད་སའི་རྩིག་ངོས་ལ་གཏོར་བརླག་ཐེབས་ཡོད་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མུ་མཐུད་དུ་མཱེ་ལེ་ཐའོ་པའོ་ཨར་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད་པར་མ་ཟད། ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁཱའི་ཕྱོགས་ནས་ཨུ་རུ་སིའི་དམག་དཔུང་གི་ཚུར་རྒོལ་ལ་ཐེངས་མང་བོར་ཕམ་ཉེས་བཟོས་ཡོད་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ད་རུང་ཨུ་རུ་སིའི་དམག་མི་དང་སྒྲིག་ཆས། མཁའ་སྲུང་འཕུར་མདའི་མ་ལག དམག་ཆས་མཛོད་ཁང་སོགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།