ཧཱ་སག་སི་ཐན་གྱི་སོལ་གཏེར་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར།
2023.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཧཱ་སག་སི་ཐན་སྨྱན་བྱད་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ཁཱ་ལཱ་ཀན་ཏཱ་མངའ་སྡེའི་སོལ་གཏེར་གྱི་འགས་གཏོར་དོན་རྐྱེན་ལས་ཉུང་མཐར་ཡང་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་སྔར་བཞིན་གཏེར་ཁྲོན་དུ་ཁེགས་ཡོད་ཟེར།

ཁཱ་ལཱ་ཀན་ཏཱ་མངའ་སྡེའི་ཁི་སི་ཅན་ཁི་སོལ་གཏེར་དུ་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་མེ་སྐྱོན་དབང་གིས་འགས་གཏོར་བྱུང་བ་རེད། འགས་གཏོར་གྱི་ཤུགས་ཚད་ཧ་ཅང་ཆེ་བས། གྲོང་ཁྱེར་དེའི་ས་ཁུལ་སྐོར་ཞིག་གི་འཕྲིན་གཏོང་ལ་བར་ཆད་ཆེན་པོ་ཐེབས། དོན་རྐྱེན་བྱུང་སྐབས་གཏེར་ཁྲོན་དུ་མི་ཉིས་བརྒྱ་དང་ང་གཉིས་ཡོད་པ་རེད།

ས་དེའི་རྒུད་སྐྱོབ་རུ་ཁག་གི་འགན་ཁུར་བ་ཞི་ལིན་སི་ཅི་ཡིས་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་མི་སྣ་ལྔ་བཅུ་ལྷག་གིས་སྔར་བཞིན་ཡུལ་དངོས་སུ་རྒུད་སྐྱོབ་བྱེད་བཞིན་ཡོད་ཀྱང་། གཏེར་ཁྲོན་ནང་དུ་རླངས་གཟུགས་སྦགས་བཙོག་ཐེབས་པ་དང་ས་གནས་སྐོར་ཞིག་ཏུ་མེ་གསོད་པར་དཀའ་ཁག་ཆེ་བ་སོགས་རྒྱུ་རྐྱེན་དབང་གིས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད་ལ། སྲོག་ཉེན་ལས་ཐར་བའི་མི་རྙེད་པའི་རེ་བ་ཆེན་པོ་མེད་ཟེར། དོན་རྐྱེན་བྱུང་རྗེས། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡུལ་དངོས་སུ་སོང་བར་མ་ཟད། སྲིད་གཞུང་གི་དམིགས་བསལ་ཨུ་ཡོན་ལྷན་ཁང་བཙུགས་ནས་རྟོག་ཞིབ་བྱེད་དགོས་པའི་མཛུབ་སྟོན་གནང་།


བསོད་ནམས་ཚེ་རིང་གིས་བསྒྱུར།