པཱ་ཞིའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་ཆུང་བ་ཞིག་ཚེས་ཉེར་དགུ་ཉིན་པཱ་ཞིའི་ནུབ་བྱང་ཕྱོགས་ཀྱི་ཨ་ཁི་ལི་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ལི་ཨོ་པུའུ་ལིང་ཁུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་སུ་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཅུ་གཉིས་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།
ས་དེའི་ཉེན་སེལ་སྡེ་ཁག་གིས་བསྒྲགས་པ་ལྟར་ན། གནམ་གྲུ་ཆུ་ང་བ་དེ་ཉིན་དེར་ལི་ཨོ་པུའུ་ལིང་ཁུའུ་ནས་ཡཱ་མཱ་སུན་མངའ་སྡེའི་ཨིན་ཝེ་ལཱ་གྲོང་ཁྱེར་དུ་འཕུར་རྩིས་ཡོད་པ་དང་། འཕུར་ནས་ཅང་མ་འགོར་བར་སར་ལྷུང་བ་རེད་ཟེར།
ཉེན་སེལ་སྡེ་ཁག་གི་འགན་ཁུར་བ་ཧྥོ་ལིང་ཞི་སི་ཁཱ་ཡིས་བསྟན་དོན། གནམ་གྲུ་དེ་སར་ལྷུང་སྐབས་འགས་གཏོར་བྱུང་བས་གནམ་གྲུའི་སྟེང་གི་མི་སྣར་གསོན་པའི་རེ་བ་མེད་པར་གྱུར་པ་རེད་ཟེར། དེ་ལས་གཞན་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བགྲོད་དཀའ་བས་རྒུད་སྐྱོབ་བྱ་བར་ཡང་དཀའ་ཁག་བཟོས་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུའི་སྟེང་དུ་ལས་བྱེད་མི་སྣ་གཉིས་ཡོད་པ་དང་། འགྲུལ་བ་བཅུའི་ནང་སྐྱེས་པ་དྲུག་དང་། བུད་མེད་གསུམ། ལོ་གཅིག་ཅན་གྱི་བྱིས་པ་གཅིག་བཅས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།