དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ10པའི་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་སྐམ་དམག་གི་འཐབ་འཁྲུག་འགུལ་སྐྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་སྒྲིག་ཆས་སྐོར་ཞིག་ལ་གཏོར་བཤིག་བཏང་སྟེ། ཧཱ་མཱ་སིའི་མཐོ་རིམ་དམག་དཔོན་མང་བོ་བསད་ཡོད་ཟེར། གཞན་ཡང་ཨེ་ཅིབ་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་དྲུག་ཅུ་ཉིན་དེར་ལཱ་ཧྥ་རྒྱུ་ལམ་གྱི་ཨེ་ཅིབ་ཕྱོགས་ནས་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། གཞི་རྒྱ་དེ་ནི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་གྱི་ཆེས་མང་བའི་སྐྱེལ་འདྲེན་གྱི་ཚད་རེད།
དབྱི་སི་རལ་གྱི་དམག་དཔུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་སུམ་ཅུ་ཉིན་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་ས་ངོས་དཔུང་འཇུག་བྱེད་བཞིན་ཡོད་ལ། ཧཱ་མཱ་སིའི་དྲག་ཆས་མི་སྣ་བཅུ་ཕྲག་འགའ་བསད། དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་འཐབ་འཛིང་གནམ་གྲུར་ཁྲིད་སྟོན་བྱས་ཏེ་ཐོག་ཁང་ཞིག་གཏོར་བཤིག་བཏང་། སྐབས་ཐོག་དེར་ཐོག་ཁང་དེའི་ནང་ཧཱ་མཱ་སིའི་དྲག་ཆས་མི་སྣ་ཉི་ཤུ་ལྷག་ཡོད་ཟེར། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་མཐོ་རིམ་དམག་དཔོན་འགའ་བསད་པ་དང་། དེའི་ནང་མཚོ་ཐོག་བཀོད་འདོམ་དམག་དཔོན་དང་ཐན་ཁིར་རྒོལ་བའི་འཕུར་མདའི་དམག་དཔུང་གི་བཀོད་འདོམ་པ་འདུས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་ཉིན་འགའི་རིང་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་དམིགས་འབེན་དྲུག་བརྒྱ་ལྷག་ལ་འཇབ་རྒོལ་བྱས་པ་དང་། དེའི་ནང་མཚོན་ཆའི་མཛོད་ཁང་དང་ཐན་ཁིར་རྒོལ་བའི་འཕུར་མདའི་གཏོང་འཕེན་བྱེད་ས། ཧཱ་མཱ་སིའི་དྲག་ཆས་མི་སྣ་སྦས་སྐོང་བྱེད་ས་སོགས་འདུས། དབྱི་སི་རལ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཧཱ་མཱ་སི་ཡིས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་སྟོང་བརྒྱད་ལྷག་གཏོང་འཕེན་བྱས་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་མི་སྟོང་བརྒྱ་དང་སུམ་བརྒྱ་དང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཉིས་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཡོད། མིག་སྔར་ཅཱ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་སྨན་ཁང་ཉེར་ལྔས་ལས་གཉེར་བྱེད་ཐབས་མེད་པར་གྱུར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣ་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་ཐན་ཁི་འཁོར་ལོའི་དམག་དཔུང་ཉིན་དེའི་ཞོགས་པར་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་ཡོང་ནས། ལྷོ་བྱང་བར་གྱི་ལམ་གཙོ་བོ་སཱ་ལཱ་ཏེན་ལམ་བཀག་སྡོམ་བྱས་ཡོད་ཟེར། གཞན་ཡང་ཕཱ་ལེ་སི་ཐན་གྱི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་ནས་ཧཱ་མཱ་སིའི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱས་རྗེས་ཕྱིར་འཐེན་བྱས་ཟེར། ཧཱ་མཱ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་བར་གྲུབ་འབྲས་ཐོབ་པ་ཁས་ལེན་བྱས་མེད།
ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་སུམ་ཅུ་ཉིན་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་བཞི་བསད་པ་དང་། གཞན་ཡང་མི་དྲུག་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཉིན་དེར་ཅེ་ཉིང་གྲོང་ཁྱེར་དུ་ཡོང་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་བར་མ་ཟད་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་། ཡུལ་དངོས་སུ་མེ་མདའི་སྒྲ་ཐོས་ཐུབ་ལ། དབྱི་སི་རལ་གྱི་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་འགས་གཏོར་བཏང་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།