དབྱི་སི་རལ་གྱི་ཙུང་ལིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་མི་སྲིད་པའི་ཚུལ་བསྟན།
2023.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཐི་ལཱ་ཝེ་ཧྥུའུ་ནས་སྤེལ་བའི་ཕྱི་རྒྱལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་ན་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་མགོ་སྒུར་བ་མཚོན་ཡོད་པས། གནས་ཚུལ་དེ་འདྲ་གཏན་ནས་འབྱུང་མི་སྲིད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་རྒྱུན་པར་འཐབ་འཁྲུག་གི་རྣམ་པར་གནས་ཡོད་ལ། དབྱི་སི་རལ་ལ་འཐབ་འཁྲུག་དེའི་ཁྲོད་རྒྱལ་ཁ་ཐོབ་ངེས་ཡིན་ཟེར།

ཉིན་དེའི་སྔ་དྲོར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཐབ་འཁྲུག་སྐབས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་སྟེང་བསྟན་དོན། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིར་དམིགས་པའི་དམག་དོན་འགུལ་སྐྱོད་ལ་གྲུབ་འབྲས་ཆེན་པོ་ཐོབ་བཞིན་ཡོད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཅཱ་ཧྲ་ས་ཁུལ་གྱི་ས་ངོས་ཀྱི་འགུལ་སྐྱོད་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།