དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅཱ་ཧྲའི་བྱང་ཤར་ཕྱོགས་ཀྱི་ཅཱ་པཱ་ལེ་ཡཱ་ཡུལ་གྱར་བའི་སྒར་སར་བར་སྣང་འཇབ་རྒོལ་བྱས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་མི་བརྒྱ་ཕྲག་འགར་ཤི་རྨས་བཟོས་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་གསང་འཕྲིན་ལྟར་ཅཱ་པཱ་ལེ་ཡཱའི་ཡུལ་གྱར་བའི་སྒར་སའི་འཇིགས་སྐུལ་ཉེས་ཅན་གྱི་སྒྲིག་ཆས་ཤིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་བཀོད་འདོམ་དཔོན་པོ་དབྱེ་པུའུ་ལཱ་ཞིན་པུས་ཡཱ་ལི་དང་བཅས་པའི་ཧཱ་མཱ་སིའི་དྲག་ཆས་མི་སྣ་མང་བོ་བསད་པ་དང་། སྒྲིག་ཆས་དེར་འགས་གཏོར་ཐེབས་རྗེས་རྡིབས་སྐྱོན་ཐེབས་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ལྔ་བཅུར་རྨས་ཕོག་ཡོད། མིག་སྔར་མི་མི་ཉུང་བ་ཞིག་རོའི་འོག་ཏུ་མནན་ནས་རྒུད་སྐྱོབ་བྱེད་པར་སྒུག་ཡོད་ཟེར། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་ནང་སྲིད་སྡེ་ཁག་གི་མགྲིན་ཚབ་པ་པཱ་ཙི་མུའུ་ཡིས་ཉིན་དེའི་དགོང་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ཅཱ་པཱ་ལེ་ཡཱའི་ཡུལ་གྱར་བའི་སྒར་སའི་སྲང་ལམ་ཧྲིལ་བོར་གཏོར་བཤིག་བཏང་སྟེ། མི་བཞི་བརྒྱ་ཙམ་ལ་ཤི་རྨས་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།