ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད། བཟོ་ལས། གཞི་གྲངས་ཅན་གྱི་གཙོ་གཉེར་སྡེ་ཁག་གིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ་བཅས་ཀྱིས་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གསུམ་གྱིས་ཉིན་དེར་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བའི་ཐད་གྲོས་བསྡུར་ཟབ་མོ་བྱས་པ་རེད།
སྤྱི་སྒྲོག་ལས་བསྟན་དོན། མིས་བཟོས་རིག་ནུས་ལས་བྱུང་བའི་འགྱུར་ལྡོག་གི་སྟོབས་ཤུགས་ཆེན་མོར་གཞིགས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་དེ་ཐོན་ལས་སྲིད་ཇུས་ཀྱི་གོ་གནས་གཙོ་བོར་འཇོག་དགོས། འཐབ་ཇུས་རང་བཞིན་གྱི་ལག་རྩལ་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཟོ་ལས་སྟོབས་ཤུགས་དང་ཐོན་སྐྱེད་ནུས་པ། འགྲན་རྩོད་ནུས་ཤུགས་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཁྱད་སྟོབས་དེ་ཕན་ནུས་ལྡན་པའི་སྒོ་ནས་མིས་བཟོས་རིག་ནུས་བེད་སྤྱོད་བྱེད་པའི་གྲུབ་འབྲས་གསར་བའི་ནུས་པར་རག་ལས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་གསུམ་གྱིས་གཅིག་གྱུར་སྒོས་བལྟས་ན། སྲིད་འཛིན་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་རྣམ་གྲངས་ལས་རིམ་སྟབས་བདེ་བྱས་ནས། ཡོ་རོབ་གླིང་གི་གསར་སྤེལ་ཁེ་ལས་དག་གཞི་གྲངས་ཅན་དང་སྐྱེ་ཁམས་སྤོར་བསྒྱུར་གྱི་ལས་གཞིའི་ནང་ཞུགས་ཐུབ་པར་འགན་སྲུང་བྱེད་དགོས་པར་འདོད། ཕྱོགས་གསུམ་གྱིས་བརྟན་བརླིང་གི་ཡོ་རོབ་གླིང་གི་ཉེན་ཁའི་དངུལ་གཏོང་གི་སྐྱེ་ཁམས་མ་ལག་ཅིག་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། གསར་གཏོད་ཅན་གྱི་ཁེ་ལས་ལ་བྲེལ་མྱུར་མ་དངུལ་ཐོབ་ནས་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱེད་དུ་འཇུག་རྒྱུ་རེད། དེ་ལས་གཞན་ཕྱོགས་གསུམ་གྱིས་ད་རུང་ཡོ་རོབ་གླིང་རིམ་པའི་ཡོ་རོབ་གླིང་གིས་ཆེད་དོན་གྱི་མིས་བཟོས་རིག་ནུས་མནའ་འབྲེལ་ཅིག་འཛུགས་པར་དགའ་བསུ་དང་དེར་རྒྱབ་སྐྱོར་བྱེད་པ་དང་། རྩིས་ལེན་ནུས་པ་དང་གཞི་གྲངས་བར་སྟོང་། སྔོན་ཐོན་རྩལ་ནུས། ཚད་འཇལ་སྒྲིག་ཆས་བཅས་ཀྱི་བེད་སྤྱོད་ལ་སྟབས་བདེ་བཟོས་ནས། སྐད་བརྡའི་ལག་རྩལ་དང་རྨང་གཞིའི་བཟོ་དབྱིབས་ཀྱི་གསར་སྤེལ་ལ་སྐུལ་འདེད་གཏོང་དགོས་ཟེར།
ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད། བཟོ་ལས། གཞི་གྲངས་ཅན་གྱི་གཙོ་གཉེར་སྡེ་ཁག་གི་པུའུ་ཀྲང་ལེ་མཱེ་ཨར་གྱིས་སྤྱི་སྒྲོག་ནང་བཤད་རྒྱུར། མིས་བཟོས་རིག་ནུས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་དེའི་དཔལ་འབྱོར་ཐད་ཀྱི་སྦས་ཤུགས་ཆེན་པོར་གཞིགས་ན། ཡོ་རོབ་གླིང་གིས་ངེས་པར་དུ་འགྲན་རྩོད་གདོང་གིས་བསུ་དགོས། ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་གསུམ་གྱིས་མིས་བཟོས་རིག་ནུས་ཀྱི་འཐབ་ཇུས་རེ་འདུན་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་གི་མཉམ་འབྲེལ་ལས་གཞི་དང་འཆར་གཞི་ལས་བརྒལ་བའི་དངུལ་གཏོང་ལ་གྲོས་བསྡུར་བྱེད་བཞིན་ཡོད་པར་མ་ཟད། མིས་བཟོས་རིག་ནུས་ཀྱི་ལྟ་རྟོག་དོ་དམ་ཁྲིམས་སྲོལ་བཏོན་ནས་ཉེན་ཁར་ཚོད་འཛིན་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།