ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་མཁར་གྱི་ནུབ་བྱང་ཕྱོགས་སུ་བཅའ་སྡོད་བྱས་ཡོད་པའི་ཚུལ་བསྟན།
2023.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་ནང་སྲིད་སྡེ་ཁག་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཐན་ཁི་འཁོར་ལོའི་དམག་དཔུང་ཉིན་དེར་ཅཱ་ཧྲ་མཁར་གྱི་ནུབ་བྱང་ཕྱོགས་ཀྱི་ཁཱ་ལཱ་མཱ་ས་ཁུལ་དུ་སོང་ནས་གནས་དེར་བཅའ་སྡོད་བྱས་པ་རེད་ཟེར།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་ཉིན་དེར་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོའི་དམག་དཔུང་ཅཱ་ཧྲ་མཁར་གྱི་ནུབ་བྱང་ཕྱོགས་སུ་སོང་བ་དང་། དབྱི་སི་རལ་གྱི་མཚོ་དམག་དང་མཁའ་དམག་གིས་འགེབས་སྲུང་བྱས་ཡོད་ལ། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་དེ་ལྷོ་བྱང་གི་བགྲོད་ལམ་གཙོ་བོ་སཱ་ལཱ་ཏེན་ལམ་དུ་འབྱོར་ནས་ལཱ་ཞི་ཏི་ལམ་ལ་བསྐྱོད་ནས་ལྷོ་བྱང་བར་གྱི་བཞུད་ལམ་ཚང་མ་འགོག་རྩིས་ཡོད་ཟེར། གཞན་ཡང་ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཨ་ལུའུ་ལཱ་གྲོང་རྡལ་དུ་སོང་བ་དང་། ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་གཞོན་པ་སཱ་ལེ་ཧི་ཨ་ལུའུ་ལི་ཡི་སྡོད་ཁང་གཏོར་བཤིག་བཏང་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་མི་སྟོང་བརྒྱ་དང་ལྔ་བརྒྱ་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཉིས་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མཚོ་དམར་ས་ཁུལ་ནས་དབྱི་སི་རལ་དུ་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་བདེ་བླག་ངང་བཀག་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། འཕུར་མདའ་དེ་དབྱི་སི་རལ་གྱི་འཕུར་མདའི་འགོག་སྲུང་མ་ལག་གིས་བཀག་པ་རེད། དེ་ནི་སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ་དབྱི་སི་རལ་གྱིས་ཐོག་དང་པོར་རྒྱང་འཕེན་འཕུར་མདའི་འགོག་སྲུང་མ་ལག་བེད་སྤྱོད་བྱས་པ་རེད། དབྱི་སི་རལ་གྱི་འབྲེལ་ཡོད་མི་སྣས་ཉིན་དེའི་སྔ་དྲོར་བསྟན་དོན། ཡེ་མིན་ནས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཨེ་ལཱ་ཐི་གྲོང་ཁྱེར་དུ་འཕུར་བའི་མི་བསྡད་མེད་པའི་གནམ་གྲུ་ཞིག་མཚོ་དམར་གྱི་བར་སྣང་ནས་བཀག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།